རྒྱ་གར་གིས་རྒྱ་ནག་ནས་སྤོ་འདོད་པའི་ཕྱི་རྒྱལ་གྱི་བཟོ་གྲྭ་ཁག་ལ་ས་ཆ་འཚོང་རྒྱུ་རེད་འདུག
རྒྱ་ནག་ལ་རྟེན་པ་ཉུང་དུ་གཏོང་འདོད་པའི་ཕྱི་རྒྱལ་གྱི་བཟོ་གྲྭ་དང་མ་འཇོག་མཁན་རྣམས་ལ་རྒྱ་གར་གྱིས་ས་ཆ་འཚོང་བཞིན་ཡོད་འདུག
ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱིས་འཛམ་གླིང་ཁྱོན་ལ་བསམ་བརྗོད་ལས་འདས་པའི་བརྡབ་གསིག་དྲག་པོ་ཞིག་བསླངས་རྗེས། རྒྱལ་ཁབ་དང་བཟོ་གྲྭ་རྣམས་ཀྱིས་ཐོན་སྐྱེད་དང་མ་འཇོག་སོགས་གང་ཅིའི་ཐད་ནས་རྒྱ་ནག་ལ་རྟེན་རྒྱུ་ཉུང་དུ་གཏོང་བའི་བསམ་བློ་དང་འཆར་གཞི་འདིངས་བཞིན་ཡོད།
དེར་བརྟེན་ད་ལྟ་རྒྱལ་སྤྱིའི་བཟོ་གྲྭ་རྣམས་གནས་སྤོ་བྱེད་ཡུལ་ལེགས་ཤོས་དེ་རྒྱ་གར་ཆགས་ཡོད་དེ། རྒྱ་གར་ཕྱོགས་མང་པོ་ཞིག་ནས་རྒྱ་ནག་དང་མཚུངས་ཀྱང་།རྒྱ་གར་མང་གཙོ་རྒྱལ་ཁབ་ཡིན་པས་ཡིད་རྟོན་བྱེད་ཆོག
སྔོན་ཆད་ཡིན་ན། རྒྱ་གར་ནང་མ་འཇོག་བྱེད་འདོད་པའི་བཟོ་ཚོང་ཁང་རྣམས་ལ་འཕྲད་པའི་དཀའ་ངལ་ཆེ་ཤོས་གཅིག་ནི་ས་ཆ་ཡིན་འདུག་ཀྱང་། ད་ནི་དེ་ལ་འགྱུར་བ་བཏང་ནས་རྒྱ་གར་རྒྱལ་ཡོངས་སུ་ས་ཆ་ཧེར་ཊོར་(Hectares)འབུམ་གཉིས་དང་ཁྲི་བཞི་ལྷག་ཅིག་བཟོ་ཚོང་ཁང་རྣམས་ཀྱི་ཆེད་དུ་གཏོང་རྒྱུ་ཡིན་འདུག་ཅིང་། ས་ཁྱོན་དེ་ནི་ཡུ་རོབ་ཀྱི་རྒྱལ་ཁབ་ལུ་ཤིམ་བྷར་(Luxembourg)ལས་ཕལ་ཆེར་ལྡབ་གཉིས་ཙམ་ཆེ་བ་ཡོད་འདུག
བརྒྱུད་ལམ་ཁག་གིས་སྤེལ་བའི་གནས་ཚུལ་ལྟར་ན། རྒྱ་གར་གཞུང་གིས་བཟོ་ལས་དཔལ་འབྱོར་མཁོ་སྒྲུབ་ཀྱི་ས་ཆ་དེ་དག་གི་ཆེད་དུ་བཟོ་ལས་ཐོན་སྐྱེད་ཀྱི་རྣམ་གྲངས་མི་འདྲ་བ་བཅུ་བདམས་པའི་ཁྲོད། གློག་དང་།སྨན། ཁ་ཟས། རས་ཆ། རྫས་སྦྱོར་སོགས་འདུས་ཡོད་འདུག་པ་དང་། དེ་དག་ལ་བརྟེན་ནས་རྒྱ་གར་གྱི་བཟོ་ལས་ཐོན་སྐྱེད་ལ་དར་འཕེལ་འགྲོ་རྒྱུ་ཡིན་འདུག
ཉི་ཧོང་དང་། ཨ་རི། ལྷོ་ཀོ་རི་ཡ། ད་དུང་རྒྱལ་ཁབ་གཞན་ཁ་ཅིག་གིས་རྒྱ་གར་ལ་འབྲེལ་གཏུགས་བྱས་ཏེ་ཁོ་ཚོའི་བཟོ་གྲྭ་ངེས་ཅན་འགའ་གནས་སྤོ་བྱེད་པའི་འདོད་ཚུལ་བཤད་ཟིན་པ་མ་ཟད། རྒྱ་གར་དབུས་སྲིད་གཞུང་ནས་མངའ་སྡེའི་སྲིད་གཞུང་ལ་ཕྱིའི་རྒྱལ་ཁབ་ཀྱི་མ་འཇོག་ནང་ལ་འདྲེན་པའི་སྟ་གོན་དང་གྲ་སྒྲིག་བྱེད་དགོས་པའི་བཀའ་མངགས་ཀྱང་གནང་ཚར་ཡོད་འདུག
དེ་བཞིན་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཨན་ཌར-པར་དྷེ་ཤི་(Andhra Pradesh)ཡིས་ཉི་ཧོང་དང་ལྷོ་ཀོ་རི་ཀའི་བཟོ་ཚོང་ཁང་རྣམས་དང་གྲོས་མོལ་བྱེད་འགོ་བརྩམས་ཟིན་པའི་ཐོག ཨུ་ཌར-པར་དྷེ་ཤི་(Uttar Pradesh)ཡིས་དྲ་ཐོག་ནས་ས་ཆ་བགོ་བའི་ལམ་ལུགས་ཤིག་གསར་བཟོ་བྱེད་སྒང་ཡིན་འདུག་པས། འཛམ་གླིང་གིས་རྒྱ་ནག་ནས་དཔལ་འབྱོར་རྒྱང་བཀྱེད་བྱེད་འགོ་ཚུགས་ཏེ་མ་འཇོག་གི་ལྟེ་བ་གསར་པ་དེ་རྒྱ་གར་འགྱུར་བཞིན་ཡོད་འདུག་ཅིང་། རྒྱ་ནག་གི་གྱོང་གུན་དེ་རྒྱ་གར་གྱི་ཁེ་སང་དུ་འགྱུར་སྲིད་པ་ཞིག་ཡིན་འདུག།
གསར་འགོད་པ་དཀོན་མཆོག་རབ་བརྟན།