པི་སྟོབས་ལྡན་གྱིས་༧གོང་ས་མཆོག་དང་དད་ལྡན་པ་རྣམས་ལ་དགོངས་སེལ་ཞུས་འདུག
རྒྱ་གར་གྱི་གཞུང་ཚབ་ཟུར་པ་པི་སྟོབས་ལྡན་གྱིས་༧གོང་ས་མཆོག་ལ་གུས་བརྩི་མེད་པའི་སྐད་ཆ་བཤད་པར་བརྟེན། ལ་དྭགས་ཀྱི་དད་ལྡན་ཡུལ་མི་ཚོས་ངོ་རྒོལ་ཆེན་པོ་བྱས་ནས་ཆ་རྐྱེན་གང་ཡང་མེད་པའི་ཐོག་དགོངས་སེལ་ཞུ་དགོས་པའི་དགོས་འདུན་བཏོན་ཡོད་པས། ཁོང་གིས་༧གོང་ས་མཆོག་དང་དད་ལྡན་པ་རྣམས་ལ་དགོངས་སེལ་ཞུས་འདུག
ཟླ་༦ པའི་ཚེས་༡ ཉིན་པི་སྟོབས་ལྡན་གྱིས་བརྙན་ཐུང་ཞིག་ཐོག་ཏུ། ༧གོང་ས་མཆོག་གི་ཐོག་ལ་གུས་བརྩི་མེད་པའི་ཚིག་ཁག་བེད་སྤྱོད་བཏང་ཡོད་སྲིད་པ་དེས། ༧གོང་ས་མཆོག་དང་དད་ལྡན་པ་རྣམས། ལྷག་པར་དུ་ལ་དྭགས་ཀྱི་དད་ལྡན་པ་རྣམས་ལ་ཕོག་ཐུག་གཏོང་བའི་སྐུལ་སློང་གང་ཡང་བཅང་མེད། འོན་ཀྱང་ཁོང་གི་སྐད་ཆ་ལ་བརྟེན་ནས་ཕོག་ཐུག་སོང་མཁན་ཚང་མ་དང་༧གོང་ས་མཆོག་ལ་དགོངས་སེལ་ཞུ་རྒྱུ་ཡིན་སྐོར་དང་། དེ་བཞིན་ཁོང་གིས་བཤད་པའི་སྐད་ཆ་རྣམས་ནི་ཆོས་ལུགས་ཀྱི་ཁ་ཕྱོགས་ཐོག་ནས་བཤད་མེད་པར། ཆབ་སྲིད་ཀྱི་ཁ་ཕྱོགས་ཐོག་ནས་བཤད་པ་ལས་རྒྱབ་ལྗོངས་ཀྱི་དམིགས་ཡུལ་གང་ཡང་མེད། སྐད་ཆ་དེ་དག་ནི་རྒྱ་གར་དང་ལ་དྭགས་ཀྱི་བདེ་འཇགས་ཐོག་བཤད་པའི་སྐད་ཆ་ཡིན། ཁོང་གིས་༧གོང་ས་མཆོག་ལ་དད་གུས་བྱེད་ཀྱི་ཡོད་པ། ད་ལྟའི་ཆར་རྒྱ་ནག་གིས་ལ་དྭགས་ཀྱི་ས་ཆར་བཙན་བཟུང་བྱེད་ཐབས་བྱེད་བཞིན་ཡོད་པས། ༧གོང་ས་མཆོག་ལ་མངའ་ཁུལ་དུ་ཤུགས་རྐྱེན་ཆེན་པོ་ཡོད་པས། རྒྱ་གར་ལ་གདུང་སེམས་མཉམ་བསྐྱེད་གནང་དགོས་ཀྱི་ཡོད་པ་དྲན་གྱི་ཡོད། དེ་བཞིན་ཁོང་མང་གཙོའི་རྒྱལ་ཁབ་ཞིག་ནང་གནས་སྡོད་བྱེད་ཀྱི་ཡོད་ཁར། རྒྱལ་ཁབ་ཀྱི་བདེ་འཇགས་ཐོག་མཁས་དབང་ཡིན་པའི་ཆ་ནས། ཛ་དྲག་གི་དུས་སྐབས་སུ་མི་ཚོས་ཁོང་གིས་སྐད་ཆ་ཤོག་དགོས་པ་རེ་ལྟོས་བྱེད་ཀྱི་ཡོད་པས། བདེ་འཇགས་ཐོག་སྐད་ཆ་བཤད་པའི་ཐོབ་ཐང་ཡོད་པ། འོན་ཀྱང་སྐད་ཆའི་ནང་གུས་བརྩི་མེད་པའི་ཚིག་བེད་སྤྱོད་སོང་ཡོད་སྲིད་པས། དེ་ལ་བརྟེན་ནས་ཕོག་ཐུག་སོང་ཡོད་མཁན་ཚང་མར་དགོངས་སེལ་ཞུ་རྒྱུ་ཡིན་སྐོར་བརྗོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། པི་སྟོབས་ལྡན་གྱི་༧གོང་ས་མཆོག་གི་ཐོག་ལ་བཤད་པའི་སྐད་ཆར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེས། ང་རང་སྒེར་ལ་མཚོན་ན་ཁོ་པས་སྐད་ཆ་དེ་འདྲ་བཤད་པ་ཤེས་རྟོགས་བྱུང་སྐབས་ཧང་སང་དགོས་པ་བྱུང་། ལྷག་པར་ཤོད་སྟངས་དེའང་གུས་བཀུར་གྱི་རྣམ་པ་རྩ་བ་ནས་མེད་ཁར་ཐལ་ཆ་ཆེ་བའི་ངག་གི་རྣམ་འགྱུར་སྒོ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཉེན་ཁག་དཀྲི་ཐབས་བྱས་ཡོད། དེ་སྔ་ཕྱི་ལོ་༢༠༡༤ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་སུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སྩོལ་སྐབས་ང་དང་ལྡི་ལི་སྐུ་ཚབ་དོན་གཅོད་གཉིས་ཁོང་གིས་བསྟི་གནས་ཁང་དུ་གཏམ་བཤད་བྱེད་རོགས་ཞེས་གསུང་པ་ལྟར་ཕྱིན་པ་ཡིན། སྐབས་དེར་ཁོ་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བསྔགས་བརྗོད་རྒྱ་ཆེ་ཞུས་སོང་།
འོན་ཀྱང་ད་ཐེངས་ཁོ་པས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་དང་རྩ་བ་ནས་མི་འཚམས་པའི་སྐད་ཆ་ཤོད་སྟངས་ཐབས་སྡུག་དེར་བློ་ཕམ་ཧ་ཅང་བྱུང་། ཁོ་པ་ནང་བཞིན་ལྟ་ཚུལ་འཛིན་མཁན་ཆེས་ཉུང་ཤས་ཡིན། ལ་དྭགས་ཡུལ་མི་ཕལ་མོ་ཆེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རང་གི་རྩ་བའི་བླ་མར་བརྩིས་ནས་དད་གུས་ཧ་ཅང་ཞུ་བཞིན་ཡོད་པ་དང་། མགོན་པོ་གང་ཉིད་མཆོག་གིས་ཀྱང་ལ་དྭགས་ཡུལ་མི་ཚོར་དུས་རྟག་ཏུ་ཐུགས་བརྩེ་བ་ཆེན་པོས་གསུང་ཆོས་དང་། བཀའ་སློབ་ལམ་སྟོན་སོགས་བསྩལ་དང་བསྩལ་མུས་ཡིན། དེར་བརྟེན་ཐེངས་འདིར་ལ་དྭགས་སྤུན་མཆེད་ཕོ་མོ་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུས་པར་ངས་སེམས་གཏིང་ནས་ཡི་རང་བསྔགས་བརྗོད་རྒྱ་ཆེ་ཞུ་བཞིན་ཡོད།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལ་དྭགས་མི་མང་དབར་གྱི་འབྲེལ་བ་ནི་ཧ་ཅང་ཟབ་ཅིང་། མགོན་པོ་གང་ཉིད་མཆོག་ལ་དྭགས་ཡུལ་དུ་ཡང་ཡང་༸ཞབས་བཅག་གིས་ལ་དྭགས་སེར་སྐྱ་མི་མང་ཚོར་བཀའ་སློབ་གསུང་གི་བདུད་རྩི་ཡང་ཡང་བསྩལ་དང་སྩོལ་མུས་ཡིན། ད་བར་མགོན་པོ་གང་ཉིད་ཀྱིས་ལ་དྭགས་སུ་སྔ་རྗེས་ཆིབས་སྒྱུར་ཐེངས་ ༢༧ ཙམ་བསྐྱངས་པ་མ་ཟད། བཀའ་ཆོས་དང་མང་ཚོགས་ལ་བཀའ་སློབ། ལྷག་པར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཡང་ལན་གསུམ་བཀའ་དྲིན་བསྐྱངས་པ་དང་། ༸རྒྱལ་བའི་འཁྲུངས་སྐར་ཡང་མགོན་པོ་གང་ཉིད་མཆོག་དབུ་བཞུགས་ཐོག་ལན་འགའ་སྲུང་བརྩི་མཛད་མྱོང་ཡོད། ཅེས་གསུངས་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།