རྒྱ་ནག་ལ་འབྲེལ་བ་གཅོད་དགོས་པའི་རྒྱ་གར་གྱི་ཁྲོམ་སྐོར་ལས་འགུལ།
ཟླ་འདིའི་ཚེས་༡༩ ཉིན་དྷ་ས་མེག་གྷན་དུ་རྒྱ་གར་ཡུལ་མི་དང་བོད་མི་ཚོས་རྒྱ་མི་ཕྱིར་ཕུད་གཏོང་དགོས། རྒྱ་ནག་ལ་འབྲེལ་ལམ་གཅོད་དགོས། རྒྱ་ནག་གི་ཚོང་ཟོག་བཀག་འགོག་དགོས་ཞེས་ཁྲོམ་སྐོར་བྱས་པ་དང་། རྒྱ་ནག་གི་རྒྱལ་དར་མེར་སྲེག་བཏང་ཡོད་པ་རེད།
དེ་ཡང་ལས་འགུལ་དེ་ནི་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་། དྷ་ས་ས་གནས་རྒྱ་གར་གླ་འཁོར་མཐུན་ཚོགས་ཀྱིས་གོ་སྒྲིག་འོག བོད་མི་དང་རྒྱ་གར་ཡུལ་མི་མཉམ་ཞུགས་བྱས་ཡོད་པ་དང་། ཟླ་འདིའི་ཚེས་༡༥ ཉིན་གྱི་དགོང་མོ་ལ་དྭགས་སུ་རྒྱ་ནག་གི་དམག་མི་དང་རྒྱ་གར་དམག་མིའི་བར་ལག་འཛིང་ཤོར་ནས་རྒྱ་གར་གྱི་དམག་མི་༢༠ ནང་བསད་པའི་རྐྱེན་གྱིས་ངོ་རྒོལ་ཁྲོམ་སྐོར་དེ་བྱས་པ་ཞིག་རེད་འདུག ལས་འགུལ་བས་རྒྱ་ནག་གིས་བོད་དང་སོག་པོ། ཡུ་གུར། ཧོང་ཀོང་བཅས་ལ་བཙན་འཛུལ་དྲག་གནོན་བྱས་པ་མ་ཟད། རྒྱ་གར་གྱི་ས་མཚམས་བརྒལ་ནས་དྲག་གནོན་བྱས་ཡོང་གི་ཡོད་པ་དེར་ངོ་རྒོལ་ཡོད། རྒྱ་དམག་མཐར་སྐྲོད་དགོས་པ་དང་། རྒྱ་ནག་ལ་འབྲེལ་ལམ་གཅོད་དགོས་སྐོར་བརྗོད་ཡོད་པ་རེད།
དེང་སྐབས་རྒྱ་གར་གྱི་ས་གནས་མང་པོར་མི་མང་གིས་རྒྱ་ནག་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་དང་། རྒྱ་མིའི་ཅ་ལག་ཉོ་ཚོང་མཚམས་འཇོག་དགོས་པའི་འབོད་སྒྲ་ཤུགས་ཆེན་བསྒྲགས་ཀྱི་ཡོད་པ་མ་ཟད། མི་མང་ལས་འགུལ་བས་རྒྱ་གར་གཞུང་གིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་ལེན་མེད་པར་བོད་སོགས་ལ་བཙན་འཛུལ་བྱས་ཡོད་པ་བསྒྲགས་དགོས་པའི་ལས་འགུལ་ཡང་སྤེལ་གྱི་ཡོད་པ་རེད།
རྒྱ་ནག་གི་དམག་མི་བསད་རྨས་གཉིས་ཀྱི་གྲངས་ཀ་༤༣ ཡིན་སྐོར་ཡང་རྒྱ་གར་གྱི་བརྒྱུད་ལམ་དུ་འཁོད་འདུག་ལ། ཡང་བརྒྱུད་ལམ་ཁག་ཅིག་ཏུ་རྒྱ་ནག་གི་དམག་མི་༤༣ བསད་ཡོད་སྐོར་འཁོད་འདུག ཐེངས་འདིའི་དམག་འཛིང་ཁྲོད་མཚོན་ཆ་བེད་སྤྱོད་བཏང་མེད་པར། རྡོ་དང་དབྱུག་པའི་ལག་འཛིང་བྱས་པ་ཡིན་སྐོར་དང་། ལ་དྭགས་ཀལ་ཝན་ལུང་གཤོངས་ས་གནས་ནས་བྱུང་འདུག །
གསར་འགོད་པ་ཆོས་ཉིད་འོད་ཟེར།