༸གོང་ས་མཆོག་གི་བགྲེས་ཡོལ་ནས་སྡེ་སྲིད་ཁྲི་པའི་བར་གླེང་པ།
དེ་ཡང་གཅིག་ནས། ༸གོང་ས་མཆོག་གིས་འཕྲལ་ཕུག་རྒྱང་གསུམ་གཟིགས་པའི་སྒོ་ནས་དུས་ནས་དུས་སུ་བོད་དོན་བདེན་མཐའ་སེལ་ཐབས་སུ་ཡེ་ཤེས་དབྱིངས་དཔྱད་ཀྱི་རླབས་ཆེན་དགོངས་བཞེད་ཀྱི་ལམ་སྟོན་འོག་ཤར་བསྐྱོད་བྱེད་དགོས་པ་ནི་གཞིས་བྱེས་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུ་ལ་ཉེ་བའི་མངོན་འདོད་ཡིན་མིན་ལ་དོགས་པ་དང་ཐེ་ཚོམ་རྩ་བ་ནས་བྱེད་མི་དགོས་པ་ཞིག་རེད། ཡིན་ནའང་བོད་མི་ཚང་མའི་བསམ་ཚུལ་གཅིག་མཚུངས་ཤིག་རྩ་བ་ནས་ཡོང་མི་སྲིད་ལ། བསམ་ཚུལ་གཅིག་མཚུངས་བྱུང་ན་དེ་ནི་དོན་དངོས་སུ་བསམ་བློའི་རང་དབང་ལ་ཉེན་ཁ་ཆེན་པོ་ཞིག་ཡོད་པའི་རྟགས་མཚན་ཞེད་སྣང་ཚ་པོ་ཞིག་རེད། དེ་ལྟར་ཡིན་པ་བཞིན་བོད་དོན་ཆབ་སྲིད་ལ་དོ་སྣང་དང་འགན་ཁུར་གྱི་བསམ་བློ་ལྡན་པའི་བོད་མི་སྐོར་ཅིག་ནས་བརྒྱུད་ལམ་འདྲ་མིན་ཐོག་གཞུང་གི་ལངས་ཕྱོགས་དང་ལས་དོན་བྱེད་ཕྱོགས་སྐོར་ཅིག་གི་ཐད་གཞུང་དང་མི་མཐུན་པའི་བསམ་ཚུལ་སྤེལ་བསྡད་ཀྱི་ཡོད་པ་དང་། བསམ་ཚུལ་སྤེལ་སྡོད་མཁན་དེ་དག་ཀྱང་བོད་མི་ཉུང་ཤས་ཤིག་ཡིན་པ་ཚང་མའི་ཧ་གོ་དོན་གསལ་རེད། མང་ཉུང་གི་ཐོག་ནས་བཤད་ནའང་བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་མང་གཙོ་ཡིན་པའི་འགན་ལེན་བྱེད་པའི་ཆེད་དུ་བསམ་ཚུལ་དེ་དག་མུ་མཐུད་འོང་འཇུག་དགོས་པ་ཞིག་དང་། དེ་དག་མང་ཚོགས་ཀྱི་བསམ་བློ་གོ་རྟོགས་ཁྱོན་ཡོངས་ཀྱི་ཐོག་ནས་ཡར་རྒྱས་ཡོང་བར་ཡང་ཕན་པ་ཞིག་རེད་བསམ་གྱི་ཡོད། ཡིན་ནའང་མི་རེ་ཟུང་གི་བསམ་ཚུལ་དེ་དག་གཞུང་འབྲེལ་གྱིས་གནད་འགག་ཅིག་ཏུ་འཛིན་དགོས་པ་དེ་འདྲའི་གལ་ཆེན་པོ་དང་འགན་བརྗིད་པོ་ཡིན་པ་གང་ཡང་མཐོང་གི་མེད། རེད་དེ་བཀའ་ཤག་གི་བཀའ་བློན་ཁྲི་པས་བསམ་ཚུལ་དེ་དག་ལ་གཞུང་འབྲེལ་གྱི་ཐོག་ནས་བདག་པོ་བརྒྱབ་སྟབས། བོད་མི་མང་པོ་ཞིག་གིས་༸གོང་ས་མཆོག་ལ་ཡེ་ཤེས་དབྱིངས་དཔྱད་ཀྱི་སྐུ་དབང་ཕུལ་ཡོད་པ་ལ་མི་འདོད་པ་བྱེད་ཀྱི་ཡོད་པའི་ཟོལ་འདྲ་པོ་དེ་འདྲ་ཆགས་སོང་བསམ་པའི་མཐོང་ཚུལ་བྱུང་། དོན་དངོས་སུ་བསམ་ཚུལ་བརྗོད་མཁན་ཕལ་ཆེ་བས་གཞུང་གིས་གནང་བཞིན་པའི་ལས་དོན་བྱེད་ཕྱོགས་དེ་དག་༸གོང་ས་མཆོག་གི་ཡེ་ཤེས་དབྱིངས་དཔྱད་ཀྱི་དགོངས་པ་ཡིན་མིན་ལ་བཀའ་ཤག་གི་ཕྱག་ལས་གནང་ཕྱོགས་ཀྱི་ཐོག་ནས་དོགས་པ་གནང་བ་ཞིག་ལས། ༸གོང་ས་མཆོག་ལ་ཡེ་ཤེས་དབྱིངས་དཔྱད་ཀྱི་སྐུ་དབང་ཕུལ་ཡོད་པ་ལ་མི་འདོད་པའི་རྣམ་འགྱུར་བསྟན་པ་ཞིག་རེད་མི་འདུག་སེམས་པ་མ་ཟད། གཞིས་བྱེས་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུ་སུ་ཞིག་ཀྱང་༸གོང་ས་མཆོག་གི་ཡེ་ཤེས་དབྱིངས་དཔྱད་ཀྱི་སྐུ་དབང་ལ་མི་འདོད་པ་བྱེད་ཀྱི་མི་འདུག་སྙམ། ཡིན་ནའང་བཀའ་བློན་ཁྲི་པས་བསམ་ཚུལ་དེ་ཚོ་༸གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བར་གསུངས་ཏེ་གནད་འགག་ཆེན་པོར་བརྩིས་བསྡད་སྟབས། ༸གོང་ས་མཆོག་གིས་བོད་མི་མང་གིས་ཐད་ཀར་འོས་འདེམས་ཞུས་པའི་བཀའ་བློན་ཁྲི་པའི་གནང་ཕྱོགས་ལ་གཞི་བཞག་སྟེ། བོད་མི་མང་པོ་ཞིག་ཁོང་གི་ཡེ་ཤེས་དབྱིངས་དཔྱད་ཀྱི་སྐུ་དབང་ལ་མི་འདོད་པ་བྱེད་ཀྱི་ཡོད་པ་འདྲ་དགོངས་ནས། འདི་ལོ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོའི་མཇུག་བསྡོམས་མཛད་སྒོའི་སྟེང་༸གོང་ས་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་མི་དགོས་པའི་བཀའ་ནན་དེ་ཕེབས་སོང་བསམ་པའི་མཐོང་ཚུལ་བྱུང་། བྱུང་རབས་འདི་ནི་༸གོང་ས་མཆོག་གིས་བོད་དོན་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་གཅོད་གནང་དགོས་པའི་གཞིས་བྱེས་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུའི་མངོན་འདོད་རེ་བ་འབྲས་མེད་དུ་གྱུར་པའི་གྱོང་གུན་བསབ་མི་ཐུབ་པ་དང་། བོད་ཀྱི་ལོ་རྒྱུས་ཀྱི་སྐྱོ་གནས་ཧ་ཅང་ཆེན་པོ་ཞིག་རེད་བསམ་གྱི་འདུག
གཉིས་ནས། བཙན་བྱོལ་བོད་ཀྱི་མང་གཙོ་མུ་མཐུད་ཡར་རྒྱས་གོང་འཕེལ་ཡོང་བར་༸གོང་ས་མཆོག་གིས་མང་བཀུར་བོད་ཀྱི་དབུ་ཁྲིད་གནང་དགོས་རྒྱུ་ཉག་ཅིག་ཡིན་པ་གཞིས་བྱེས་བོད་མི་བརྒྱ་ཆ་དགུ་བཅུ་གོ་དགུའི་མངོན་འདོད་བསམ་བློའི་རེ་བ་ཡིན་པ་ལས། བོད་རྒྱ་ཆེའི་མི་མང་གིས་༸གོང་ས་མཆོག་གི་དབུ་ཁྲིད་ལ་ལྟོས་མི་དགོས་པའི་བོད་མིའི་མང་གཙོའི་ལམ་སྲོལ་ཞིག་དགོས་པ་ལྟ་བུའམ། ༸གོང་ས་མཆོག་བོད་ཀྱི་མང་གཙོའི་ལམ་སྲོལ་གྱི་བཀག་རྡོ་ཡིན་པའི་ལྟ་ཚུལ་ཡོད་པ་ཕར་ཟད། ཐ་ན་རྨི་ལམ་དུ་ཡང་འཁོར་གྱི་མེད་པར་བརྗོད་ན་དོན་ལ་གནས་པ་ཞིག་རེད། ཡིན་ནའང་རྭ་ཡོད་བརྒྱ་ཡོད་ས་ན། རྭ་མེད་གཅིག་ཡོད་ཆོག་པ་ལྟར་བོད་མི་གཅིག་གཉིས་ཤིག་ལ་བསམ་ཚུལ་དེ་འདྲ་ཡོད་པ་ཡང་དོན་དངོས་རེད། བསམ་ཚུལ་ཡོད་མཁན་རེ་གཉིས་ཡོད་པ་འདི་ཆེས་ཤིན་ཏུ་ནས་ཉུང་ཉུང་དང་། ལྷག་པར་དོན་དངོས་དང་མི་མཐུན་པའི་བསམ་ཚུལ་ནུས་མེད་ཅིག་ཡིན་པས་གནད་འགག་ཆེན་པོ་གང་ཡང་མ་རེད་བསམ་གྱི་འདུག ཡིན་ནའང་བར་ལམ་ནས་བཀའ་བློན་ཁྲི་པའི་གསུང་འཕྲིན་ཁག་ཏུ། ྋགོང་ས་མཆོག་གི་དབུ་ཁྲིད་ལ་ལྟོས་མི་དགོས་པའི་བོད་མིའི་མང་གཙོའི་ལམ་སྲོལ་ཞིག་དགོས་པ་ལས་ད་ལྟའི་ལམ་སྲོལ་འདི་མང་གཙོ་མིན་པ་དང༌། མང་གཙོ་ངང་སྒུག་བྱེད་ཀྱི་ཡོད་ཚུལ་སོགས་བརྗོད་མཁན་བོད་མི་རེ་གཉིས་ཀྱི་བསམ་ཚུལ་དོན་དངོས་དང་མི་མཐུན་པ་དེ་དག་སླེབས་པ་དང་། བཀའ་བློན་ཁྲི་པས་བོད་མི་རེ་གཉིས་ཀྱི་དོན་དངོས་དང་མི་མཐུན་པའི་བསམ་ཚུལ་དེ་ལ་བཙན་བྱོལ་བོད་ཀྱི་མང་གཙོ་འདི་ཡང་དག་པའི་མང་གཙོ་མིན་པའི་སྒྲུབ་བྱེད་དུ་རྒྱ་མིའི་ལུང་འདྲེན་བྱེད་པར་རིན་ཐང་ཡོད་པའི་ངོས་འཛིན་ཞིག་བསམ་ཚུལ་དེ་དག་དགག་པའི་ཞོར་ལ་གནང་སྡོད་ཀྱི་ཡོད་པ་འདྲ་པོ་ཆགས་སོང་སྙམ་གྱི་འདུག་ལ། ཆོལ་གསུམ་བོད་པ་མི་མང་གིས་ཚད་མཐོའི་མང་མོས་ཀྱི་ལམ་ནས་འོས་འདེམས་ཞུས་པའི་བཀའ་བློན་ཁྲི་པ་མཆོག་གིས་མི་རེ་གཉིས་ཀྱི་བསམ་ཚུལ་ཐད་ངོས་འཛིན་གནང་ཕྱོགས་འདི་ལ་དགོངས་ནས། ༸གོང་ས་མཆོག་གིས་སྔར་ནས་བགྲེས་ཡོལ་ཆ་ཚང་དུ་ཕེབས་རྒྱུའི་དགོངས་པ་ཡོད་པ་དེ་ད་ཆ་མི་མང་གི་བསམ་བློ་སྨིན་བཞིན་ཡོད་པའི་ངོས་འཛིན་གནང་སྟེ་བགྲེས་ཡོལ་ཆ་ཚང་དུ་ཕེབས་རྒྱུའི་བཀའ་སློབ་དེ་ཕེབས་སོང་བསམས། བྱུང་རིམ་འདི་དག་ནས་བལྟས་ཡོང་དུས་ཉེ་སྔོན་སྦེལ་ཀོབ་ཏུ་བཀའ་བློན་ཁྲི་པ་མཆོག་གིས་ྋགོང་ས་མཆོག་གི་དབུ་ཁྲིད་ལ་ལྟོས་མི་དགོས་པའི་བོད་མིའི་མང་གཙོའི་ལམ་སྲོལ་ཞིག་དགོས་པ་ལས་ད་ལྟའི་ལམ་སྲོལ་འདི་མང་གཙོ་མིན་ཚུལ་ལ་སོགས་པའི་བསམ་ཚུལ་གྱི་རྐྱེན་ལ་བརྟེན་ནས་༸གོང་ས་མཆོག་གིས་བགྲེས་ཡོལ་ཞུ་གནང་རྒྱུའི་ཉེན་ཁ་ཡོད་སྐོར་གསུངས་པ་འདི་སུ་ལ་དམའ་འབེབབ་དང་། སུ་ལ་བསྟོད་ཀྱི་ཡོད་ཕྱོགས་གཉིས་ཀྱི་ཐོག་ནས་ལྟ་དགོས་ཀྱི་མེད་དམ་སྙམ།
གང་ལྟར་ད་ལྟའི་དུས་སུ་༸གོང་ས་མཆོག་གིས་བོད་མིས་བཟོད་པར་དཀའ་བའི་བཀའ་འདི་ལྟར་ཕེབས་ཡོང་དུས། བོད་མི་ཚོས་༸གོང་ས་མཆོག་ལ་ཡེ་ཤེས་དབྱིངས་དཔྱད་ཀྱི་རླབས་ཆེན་དགོངས་བཞེད་ཀྱི་ལམ་ནས་བོད་ཀྱི་ཆབ་སྲིད་ཀྱི་དབུ་འཛིན་མུ་མཐུད་ངེས་པར་གནང་དགོས་པ་ལས་བགྲེས་ཡོལ་དུ་ཕེབས་རྒྱུའི་དགོངས་བཞེས་མི་གནང་བའི་གསོལ་འདེབས་ལྷ་སྡེ་མི་སྡེ་གཉིས་ཀྱིས་རྩེ་གཅིག་ཏུ་ཞུ་དགོས་པ་ཤིན་ཏུ་ནས་གལ་ཆེན་དོན་ཆེན་ཡིན། ཡིན་ནའང་གལ་སྲིད་༸གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་ནས་བགྲེས་ཡོལ་ཆ་ཚང་བཞེས་གནང་རྒྱུའི་དགོངས་པའི་ཐོག་བསྐྱོད་གཏན་འཁེལ་བར་མཐའ་གཅིག་ཏུ་གསུངས་ན། ༸གོང་ས་མཆོག་གིས་གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པར་གདམས་པའི་ལམ་སྟོན་བཞིན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཆ་རྐྱེན་ལྟར་སྡེ་སྲིད་ཁྲི་པ་ཕེབས་རྒྱུར་ངེས་པས། གྲོས་ཚོགས་ཀྱིས་སྡེ་སྲིད་ཁྲི་པ་དང་། བཀའ་བློན་ཁྲི་པའི་དབར་གྱི་སྐུ་དབང་གི་གནས་བབ་བསྐྱར་ཞིབ་ཀྱིས་གཏན་འབེབས་གནང་དགོས་པ་ཧ་ཅང་གལ་གནད་ཆེན་པོ་ཆགས་ཡོད། དེ་མིན་ལས་དོན་གནང་ཕྱོགས་ཐད་སྡེ་སྲིད་ཁྲི་པ་དང་། བཀའ་བློན་ཁྲི་པ་ལྷན་རྒྱས་ལ་སྐུ་ངལ་ཡོང་གི་རེད་ལ། ཡང་ན་སྡེ་སྲིད་ཁྲི་པ་དང་། བཀའ་བློན་ཁྲི་པ་ངོ་བོ་གཅིག་ཆགས་ཀྱི་རེད། དེ་གཉིས་གང་རུང་བྱུང་ན་གཞུང་གི་ལས་དོན་ལ་འཐུས་ཤོར་དང་། གྲོས་ཚོགས་ལ་མཛད་དཀའ། མི་མང་ལ་བརྡབ་གསིག་བཅས་ཡོང་གི་རེད་བསམ་གྱི་འདུག མདོར་ན་༸གོང་ས་མཆོག་བགྲེས་ཡོལ་ཆ་ཚང་ཞུ་གནང་རྒྱུ་ཡིན་པའི་བཀའི་ཕེབས་སྒོ་དང་འོངས་རྒྱུའི་སྡེ་སྲིད་ཁྲི་པའི་བར་འབྲེལ་བ་མེད་པར་བརྗོད་ཐུབ་པ་མི་འདུག་སྙམ།
