ཉི་ཧོང་གིས་ཧེ་རོ་ཤི་མར་རྡུལ་ཕྲན་མཚོན་ཆ་གཡུགས་ནས་ལོ་༧༥ འཁོར་བར་རྗེས་དྲན་ཞུས།
ཉི་ཧོང་གི་གྲོང་ཁྱེར་ཧེ་རོ་ཤི་མའི་ནང་དུ་འཛམ་གླིང་གི་རྡུལ་ཕྲན་མཚོན་ཆ་ཐོག་མ་དེ་གཡུགས་ནས་ལོ་ངོ་༧༥ འཁོར་བའི་རྗེས་དྲན་མཛད་སྒོ་སྟབས་བདེ་ཞིག་འཚོགས་པ་དང་། གྲོང་ཁྱེར་དེ་གའི་སྤྱི་ཁྱབ་དཔོན་གྱིས་འཛམ་གླིང་གི་རྒྱལ་ཁབ་རྣམས་ལ་སྒེར་སེམས་ཅན་གྱི་རྒྱལ་ཞེན་རིང་ལུགས་དོར་ནས་རྡོག་རྩ་གཅིག་སྒྲིལ་གྱིས་དཀའ་ཉེན་ཐམས་ཅད་ལ་འཐབ་རྒོལ་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག
རྒྱུན་ལྟར་རྗེས་དྲན་གྱི་ཉིན་མོ་འདིར་གྲོང་ཁྱེར་ཧེ་རོ་ཤི་མའི་ལྟེ་བར་ཆགས་པའི་ཞི་བདེའི་གླིང་ཁ་(Peace Park) རུ་མི་མང་སྟོང་ཕྲག་མང་པོ་འདུ་འཛོམས་བྱས་ཏེ་གསོལ་འདེབས་སྨོན་ལམ་དང་། མྱ་ངན་གུས་དུད་སོགས་བྱེད་སྲོལ་ཡོད་རུང་། འདི་ལོར་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ཉེན་ལ་བརྟེན་ནས་རྡུལ་ཕྲན་མཚོན་ཆ་གཡུག་པའི་སྐབས་གསོན་ཐར་བྱུང་བ་རྣམས་དང་། དེ་དག་གི་ནང་མི་ཚོ་མ་གཏོགས་གཞན་རྣམས་ཞི་བདེ་གླིང་ཁར་འཛུལ་མི་ཆོག་པ་བཟོས་ཡོད་འདུག
རྗེས་དྲན་མཛད་སྒོའི་ཐོག ཧེ་རོ་ཤི་མའི་གྲོང་ཁྱེར་སྤྱི་ཁྱབ་དཔོན་ཁ་ཟོ་མི-མ་རྫོ་(Kazumi Matsui) ཡིས་“ཕྱི་ལོ་༡༩༤༥ ཟླ་༨ ཚེས་༦ ཉིན་རྡུལ་ཕྲན་མཚོན་ཆའི་འབར་གས་གཅིག་གིས་ང་ཚོའི་གྲོང་ཁྱེར་འདི་རྩ་གཏོར་བཏང་བ་རེད། སྐབས་དེ་དུས་‘ལོ་ངོ་༧༥ རིང་འདིར་ཅི་ཡང་སྐྱེ་འཚར་ཡོང་གི་མ་རེད་’ཅེས་བཤད་པ་རེད། འོན་ཀྱང་། ཧེ་རོ་ཤི་མ་སླར་སོས་ནས་ཞི་བདེའི་མཚོན་རྟགས་སུ་འགྱུར་ཡོད་”ཅེས་གསུངས་འདུག
ཕྱི་ལོ་ ༡༩༤༥ ཟླ་ ༨ ཚེས་ ༦ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༨:༡༥ ལ་ཨ་རིའི་གནམ་གྲུས་ཉི་ཧོང་གི་གྲོང་ཁྱེར་ཧེ་རོ་ཤི་མའི་ཐོག་ཏུ་ལོ་རྒྱུས་སྟེང་གི་རྡུལ་ཕྲན་མཚོན་ཆའི་འབར་རྫས་ཐོག་མ་དེ་གཡུགས་ནས་སྐྱེ་བོ་ ༡༤༠,༠༠༠ བསད་པ་མ་ཟད། དེའི་ཉིན་གསུམ་གྱི་རྗེས་སུ་གྲོང་ཁྱེར་ན་གྷ་ས་ཁི་(Nagasaki)ལ་འཕངས་པའི་འབར་རྫས་ཀྱིས་སླར་ཡང་ཉི་ཧོང་བ་ ༧༠,༠༠༠ བསད་པར་བརྟེན། ཉི་ཧོང་མགོ་བཏགས་ཞུས་ནས་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་ཡོད།
༧གོང་ས་མཆོག་ནས་ཀྱང་དེ་རིང་གི་རྗེས་དྲན་དང་འབྲེལ་བའི་གསུང་འཕྲིན་ཞིག་བསྩལ་བའི་ནང་། ཁོང་གིས་གཞུང་སྒེར་ཚོགས་པ་རྣམས་ལ་ཞི་བདེ་སྐྲུན་རྒྱུ་དེ་སོ་སོའི་མི་ཚེའི་རྩ་དོན་དུ་འཛིན་དགོས་པའི་སྐུལ་མ་གནང་བའི་ཐོག དུས་རབས་ཉི་ཤུའི་ནང་གསར་གཏོད་དང་འཕེལ་རྒྱས་མང་པོ་ཞིག་བྱུང་ཡོད་ན་ཡང་། དེ་ནི་འཚེ་བ་དང་དམག་འཁྲུག་གི་དུས་རབས་ཤིག་ཡིན་པས། ང་ཚོ་ལ་དུས་རབས་ཉེར་གཅིག་འདི་ཞི་བདེའི་དུས་རབས་ཤིག་ཏུ་བསྒྱུར་བའི་གོ་སྐབས་ཡོད་པ་དང་། རང་གཞན་དབྱེ་འབྱེད་ཀྱི་བསམ་བློ་མ་རུང་བ་རྣམས་དོར་ནས་“ངེས་པར་དུ་འགྲོ་བ་མི་གཅིག་མཚུངས་ཡིན་པ་ངོས་འཛིན་ཐོབ་པ་དང་། སྨོན་ལམ་གཅིག་པུས་ཞི་བདེ་སྒྲུབ་མི་ཐུབ་པ་དེ་རྟོགས་པ་བྱེད་དགོས་”ཞེས་གསུངས་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།