མང་གཙོ་ཚོགས་པའི་སྲིད་འཛིན་གཞོན་པའི་འོས་མི་གྲངས་ཉུང་མི་རིགས་ཀྱི་བུད་མེད་གཅིག་རེད་འདུག
ཨ་རིའི་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷེ་ཌན་གྱིས་སྲིད་འཛིན་གཞོན་པའི་འོས་མི་དེ་བུད་མེད་གཅིག་བདམས་རྒྱུ་ཡིན་པ་དེ་སྔོན་ནས་བརྗོད་ཡོད་པ་དང་། རྒྱབ་སྐྱོར་བ་དང་དཔྱད་བརྗོད་པ་མང་པོ་ཞིག་གིས་འོས་མི་བུད་མེད་དེ་ཡང་གྲངས་ཉུང་མི་རིགས་ཀྱི་བུད་མེད་གཅིག་བདམས་པའི་རེ་བ་དང་ཚོད་དཔག་བྱས་ཡོད་པ་ལྟར། ཁོང་གིས་ཕ་མ་རྒྱ་གར་དང་མི་རིགས་ནག་པོ་ཡིན་པའི་གྲོས་ཚོགས་གོང་མའི་བུད་མེད་གཅིག་སྲིད་འཛིན་གཞོན་པའི་འོས་མིར་བདམས་འདུག འདི་ནི་ཨ་རིའི་ལོ་རྒྱུས་ནང་གྲངས་ཉུང་མི་རིགས་ཀྱི་བུད་མེད་གཅིག་ལ་སྡིངས་ཆ་དེ་འདྲ་ཐོབ་པ་ཐེངས་དང་པོ་རེད་འདུག
ཟླ་༨ པའི་ཚེས་༡༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཟླ་༡༡ པའི་ཚེས་༣ ཉིན་ཨ་རིའི་སྲིད་འཛིན་དང་གྲོས་ཚོགས་འོས་བསྡུ་ཡིན་པ་ལྟར། སྤྱི་མཐུན་ཚོགས་པའི་སྲིད་འཛིན་དང་སྲིད་འཛིན་གཞོན་པའི་འོས་མི་ནི་ད་ཡོད་ལས་ཁུར་སྲིད་འཛིན་དང་སྲིད་འཛིན་གཞོན་པ་གཉིས་གཏན་འཁེལ་ཡིན་པ་དང་། མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་ཐོག་མར་མང་པོ་ཞིག་ལངས་ནས་མཐའ་མ་དེར། དེ་སྔོན་སྲིད་འཛིན་ཨོ་བྷ་མའི་སྲིད་གཞུང་སྐབས་ཀྱི་སྲིད་འཛིན་གཞོན་པ་ཟུར་པ་ཇཱོ་བྷེ་ཌན་ལ་རྒྱལ་ཁ་ཐོབ་རྗེས། ཁོང་གིས་སྲིད་འཛིན་གཞོན་པ་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ཀཱ་མ་ལ་ཧེ་རི་སེ་བདམས་པའི་གསལ་བསྒྲགས་བྱས་འདུག
ད་བར་ཨ་རིའི་ལོ་རྒྱུས་ནང་སྲིད་འཛིན་གཞོན་པའི་འོས་མིར་བུད་མེད་གཉིས་བདམས་ཐོན་བྱུང་ཡོད་འདུག་པ་དང་། གྲངས་ཉུང་མི་རིགས་ཀྱི་བུད་མེད་གཅིག་བདམས་ཐོན་བྱུང་བ་ཐེངས་དང་པོ་ཆགས་ཀྱི་ཡོད་འདུག ད་བར་ཨ་རིའི་ལོ་རྒྱུས་ནང་སྲིད་འཛིན་གཞོན་པ་དང་སྲིད་འཛིན་ལ་བུད་མེད་གཅིག་དངོས་སུ་བདམས་ཐོན་བྱུང་མེད་པས། ཐེངས་འདིར་མང་གཙོ་ཚོགས་པར་སྲིད་འཛིན་འོས་བསྡུའི་རྒྱལ་ཁ་ཐོབ་ཚེ། ལོ་རྒྱུས་རང་བཞིན་ཞིག་ཆགས་རྒྱུ་རེད་འདུག
མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷེ་ཌན་གྱིས་ལྕམ་ཀཱ་མ་ལ་ཧེ་རི་སེ་(Kamala Harris)ནི། རྒྱལ་ཁབ་ཀྱི་སྲི་ཞུ་བ་རྩེ་ཕུད་གཅིག་ཡིན་པ་དང་། དེ་སྔོན་ལྕམ་ཀཱ་མ་ལ་ཧེ་རི་སེ་ཁེ་ལི་ཧྥོ་ནི་ཡ་མངའ་སྡེའི་གཞུང་གི་ཁྲིམས་དོན་སྤྱི་ཁྱབ་པ་ཡིན་སྐབས་ཁོང་གི་བུ་འདས་པོ་དང་མཉམ་དུ། ངལ་རྩོལ་མི་མང་དང་བུད་མེད། ཕྲུ་གུ་སོགས་ལ་སྲུང་སྐྱོབ་དང་ཡར་འདེགས་བྱས་པ། དངུལ་ཁང་ཆེན་པོར་ཁ་གཏད་བཅག་པ་སོགས་ཀྱི་ལས་དོན་ཆེན་པོ་མང་པོ་བྱས་ཡོད་པས། དེར་དགའ་སྤོབས་ཆེན་པོ་ཡོད་པ་དང་ད་ལྟ་ཁོང་གི་སྲིད་འཛིན་གཞོན་པའི་འོས་མི་ཡིན་པར་ཡང་དགའ་སྤོབས་ཆེན་པོ་ཡོད་སྐོར་བསྒྲགས་འདུག
ཕ་མ་གཉིས་ནས་གཅིག་རྒྱ་གར་དང་གཅིག་ཇེ་མའི་ཁཱ་ནས་ཡིན་པའི་ལྕམ་ཀཱ་མ་ལ་ཧེ་རི་སེ་ནི་ལོ་༥༤ ཡིན་པ་དང་། དེ་སྔོན་ཁེ་ལི་ཧྥོ་ནི་ཡ་མངའ་སྡེའི་ཁྲིམས་རྩོད་དཔོན་བྱེད་མྱོང་ཁར། ཕྱི་ལོ་༢༠༡༧ ནས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་བྱེད་བཞིན་པ་རེད་འདུག
ལོ་སྔོན་མའི་ཟླ་༡ པོའི་ནང་དེ་ཡང་འདི་ལོའི་ཟླ་༡ པོའི་ནང་ལྕམ་ཁོང་གིས་རང་ཉིད་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་སྡུར་ནང་ཞུགས་རྒྱུ་ཡིན་པའི་ལས་དོན་ཁྱབ་བསྒྲགས་བྱས་ཡོད་པ་དང་། སྐབས་དེར་མི་མང་ཁྲི་གཉིས་ལྷག་ཙམ་ཁོང་ལ་རྒྱབ་སྐྱོར་བྱེད་པར་སླེབས་ཡོད་པ་མ་ཟད། མོ་ནི་གྲོས་ཚོགས་གོང་མའི་འཐུས་མི་དང་གཞུང་གི་ཁྲིམས་རྩོད་པ་ཟུར་པ་ཡིན་ཁར། ལོ་ན་ཡང་༥༤ ཡིན་པས་མི་མང་དང་དཔྱད་བརྗོད་པ་མང་པོ་ཞིག་གིས་མོ་ལ་རེ་བ་ཆེན་པོ་བཟུང་ཡོད་འདུག ཐོག་མར་ཟླ་བ་གསུམ་གྱི་ནང་དུ་ཁོང་ལ་འོས་བསྡུའི་ཁྱབ་བསྒྲགས་ལས་འགུལ་ཆེད་དུ་ཞལ་འདེབས་ཨ་སྒོར་ས་ཡ་༡༢ ཐོབ་འདུག་པ་དང་། དྲ་ཐོག་བསམ་ཚུལ་བསྡུ་ལེན་ཁྲོད་དུ་ཁོང་སྔོན་ཐོན་འོས་མི་ལྔ་ཡི་ནང་ཚུད་འདུག འོན་ཀྱང་རྗེས་སུ་མོ་རང་གཞུང་གི་ཁྲིམས་རྩོད་པ་ཡིན་པའི་སྐབས་སུ་ཉེན་རྟོག་པའི་དྲག་སྤྱོད་ལ་རང་དབང་ཅན་གྱི་རྟོག་ཞིབ་ལ་བཀག་འགོག་སོགས། གུ་ཡངས་ཀྱི་ལྟ་བ་དང་མི་མཐུན་པའི་ལས་དོན་ཁག་ཅིག་སྤེལ་བའི་གནས་ཚུལ་ཕྱིར་ཐོན་ནས། དྲ་ཐོག་བསམ་ཚུལ་བསྡུ་ལེན་ཐོག་ཁོང་ལ་རྒྱབ་སྐྱོར་གྱི་ཚད་གཞི་དམའ་རུ་སོང་ཡོད་འདུག དེ་བཞིན་དཔྱད་བརྗོད་པ་ཚོས་བརྗོད་ན། ཁོང་གིས་འོས་བསྡུའི་ཁྱབ་བསྒྲགས་ཀྱི་ལས་དོན་ནང་དུ། སྔོན་ཐོན་གྱི་ལྟ་བ་འཛིན་མཁན་དང་ལྟ་བ་བར་མི་འཛིན་མཁན་གཉིས་ཀྱི་དཀྱིལ་དུ་འགྲོ་ཐབས་བྱས་ཡོད་པ་དང་། དེའི་མཇུག་འབྲས་སུ་ཕྱོགས་ཁག་དེ་གཉིས་ཀ་ཡི་བློ་ལ་བབ་མེད་པས། མོའི་ཐབས་བྱུས་ལ་ནོར་འཁྲུལ་ཤོར་བ་ཡིན་སྐོར་བསྒྲགས་བཞིན་འདུག
རྗེས་སུ་ཟླ་༡༢ པའི་༣ ཉིན་ལྕམ་ཁོང་གིས་སྤྱི་ཚོགས་དྲ་ལམ་ཊེའུ་ཊར་ཐོག་ཏུ་རང་ཉིད་ཨ་རིའི་སྲིད་འཛིན་འོས་བསྡུར་མང་གཙོ་ཚོགས་པའི་སྲིད་འཛིན་འོས་མིའི་འགྲན་སྡུར་ལ་མུ་མཐུད་ནས་འོས་བསྡུའི་ཁྱབ་བསྒྲགས་ལས་དོན་སྤེལ་བའི་དཔལ་འབྱོར་ཡོང་ཁུངས་མེད་པས། འོས་འགྲན་ནས་ཕྱིར་འཐེན་བྱེད་རྒྱུ་ཐག་གཅོད་བྱས་ཡོད་པ་དང་། ཁོང་གིས་མུ་མཐུད་ནས་མི་མང་ཚང་མར་དྲང་བདེན་ཡོང་སླད་དུ་ལས་ཀ་བྱེད་རྒྱུ་ཡིན་སྐོར་བསྒྲགས་འདུག སྐབས་དེར་དཔྱད་བརྗོད་པ་ཚོས་ད་ལྟ་ནས་འོས་འགྲན་ནང་ཕྱིར་འཐེན་བྱས་པ་དེ་ནི་སྤྱང་གྲུང་ལྡན་པའི་ཐག་གཅོད་གཅིག་ཡིན་པ་དང་། སྲིད་དོན་པའི་ཁོར་ཡུག་ནང་མོ་ལོ་ན་ཆུང་ཆུང་ཡིན་པས། འོས་བསྡུའི་ནང་ཕམ་ཁ་ཆེན་པོ་མ་བྱུང་བའི་སྔོན་ཚུད་ནས་དགོངས་པ་ཞུས་པ་དེས། མ་འོངས་པར་སྲིད་དོན་རྣམ་པ་གསར་པ་སྐྲུན་རྒྱུའི་གོ་སྐབས་ཐོབ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག
མང་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇཱོ་བྷེ་ཌན་གྱིས་སྲིད་འཛིན་གཞོན་པའི་འོས་མི་ཆེད་དུ། འོས་གཞི་བུད་མེད་འཇོན་ཐང་དང་བྱས་རྗེས་ཅན་ཁག་ཅིག་ལ་བཅར་འདྲི་དང་དཔྱད་ཞིབ་མང་པོ་ཞིག་བྱས་རྗེས། མཐའ་མ་དེར་ལྕམ་ཀཱ་མ་ལ་ཧེ་རི་སེ་བདམས་པ་ཡིན་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།
