བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ།
ཟླ་འདིའི་ཚེས་༡༨ ཉིན་ཨ་རིའི་ནིའུ་ཡོག་རྒྱ་ནག་གཞུང་ཚབ་མདུན་དུ་ནིའུ་ཡོག་ས་གནས་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་དོན་ལས་འགུལ་བ་ཁག་ཅིག་གིས་རྒྱ་ནག་ལ་ངོ་རྒོལ་ལས་འགུལ་སྤེལ་ཡོད་པ་རེད།
ཉིན་དེར་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་དགོས་དོན་སྐོར་འཁོད་དོན། “རྒྱ་ནག་གི་དབང་བསྒྱུར་འོག ༡༩༥༩ ནས་ད་བར་བོད་མི་ས་ཡ་གཅིག་དང་ཕྱེད་ལྷག་གི་ཚེ་སྲོག་ཤོར་ཡོད། ༢༠༠༩ ནས་ད་བར་གཞིས་ལུས་བོད་མི་རྣམས་རྒྱ་དམར་གྱི་བཙན་འོག་དང་དྲང་བདེན་མེད་པའི་ཁྲིམས་སྒྲིག་འོག་ལ་སྡོད་ཐབས་མེད་པར་བརྟེན་བོད་མི་༡༦༠ ལྷག་གིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་རང་གི་གཅེས་པའི་ལུས་པོ་མེར་བསྲེགས་བཏང་ཡོད། རྒྱ་དམར་གྱིས་གཡོ་སྒྱུ་ངན་ཇུས་ལ་བརྟེན་ནས་འཛམ་གླིང་ནང་རྒྱ་ནད་ཏོག་དབྱིབས་ནད་དུག་འདིའི་རྐྱེན་པས་མི་འབོར་འབུམ་ཕྲག་ལྷག་གི་ཚེ་སྲོག་ཤོར་བ་དང་། དཔལ་འབྱོར་ཉམས་རྒུད་བྱུང་བ་ལ་གུན་གསབ་དགོས་པ་དང་། འཛམ་གླིང་རྒྱལ་སྤྱིའི་དཔོན་རིགས་སྤྱི་མང་ཡོངས་ནས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་དགོས་པའི་རེ་འདུན་དང་རྒྱ་དམར་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་”ཞེས་འཁོད་འདུག
ནིའུ་ཡོག་ས་གནས་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་བརྟན་ལྷ་རྒྱལ་གྱིས་གསར་འགོད་པར་བརྗོད་དོན། “ལས་འགུལ་དེ་བོད་རང་བཙན་སླར་གསོ་ཡོང་ཐབས་ཡིན་ལ། བར་ལམ་ནས་བདུན་ཕྲེག་གཉིས་རེའི་མཚམས་སུ་ལས་འགུལ་རེ་སྤེལ་གྱི་ཡོད། ༡༩༩༨ ལོར་དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱིས་རང་ལས་མེར་སྲེག་གི་རྒྱ་རྒོལ་བྱས་པ་ནས་བཟུང་། ད་ལྟའི་བར་བོད་ཕྱི་ནང་གཉིས་ནས་བོད་མི་༡༦༠ ལྷག་གིས་རང་ལུས་མེར་སྲེག་བཏང་བ་དེ་བོད་རྒྱལ་ཁབ་དང་མི་རིགས་ཆེད་དུ་རེད། ད་ལྟ་འཛམ་གླིང་གི་གནས་སྟངས་འགྱུར་བ་ཆེན་པོ་འགྲོ་ཡི་ཡོད་པའི་ནག་ཉེས་ཆེ་ཤོས་དེ་རྒྱ་ནག་རེད། ང་ཚོ་བོད་ཀྱི་འཐབ་རྩོད་དེ་རྒྱལ་སྤྱིའི་ནང་བསླེབས་ཐབས་དང་། སོ་སོའི་རྒྱལ་ཁབ་ཀྱི་འཐབ་རྩོད་ལ་སོ་སོས་འགན་ཁུར་དགོས་པ། མ་འོངས་པའི་བོད་ཀྱི་སོན་རྩ་ཚོ་འཛམ་གླིང་ཐོག་བོད་ཀྱི་མིང་ཁྱེར་ནས་འགྲོ་ཐུབ་ཆེད་དུ་ལས་འགུལ་སྤེལ་བ་”ཡིན་ཞེས་གསུངས་སོང་།། བརྙན་འཕྲིན།
གསར་འགོད་པ་ཆོས་ཉིད་འོད་ཟེར།
