ཕྱི་རྒྱལ་བ་ཞིག་གིས་སྤྱི་ཚོགས་དྲ་ལམ་བརྒྱུད་དེ་བོད་དོན་འཁྱོག་བརྗོད་བྱེད་བཞིན་པ།
རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་གསར་འགོད་པ་ཚད་ལྡན་རྣམས་བོད་དུ་འགྲོ་རུ་མ་བཅུག་པར་བོད་ཀྱི་འདས་པའི་ལོ་རྒྱུས་དང་། ད་ལྟའི་གནས་སྟངས་དངོས་གང་ཡིན་འགེབས་ཐབས་དང་སྦས་ཐབས་བྱེད་བཞིན་པའི་སྐབས་འདིར། ཕྱི་རྒྱལ་བ་ཞིག་བོད་ཀྱི་རྒྱལ་ས་ལྷ་སས་མཚོན་པའི་གནས་ཆེན་ཁག་ཏུ་བསྐྱོད་དེ། བོད་དོན་དང་འབྲེལ་བའི་རྒྱ་ནག་གི་རྫུན་བསྒྲགས་རྣམས་ཡོའུ་ཊོབ་(Youtube)དང་། ཋོའུ་ཋར་(Tweeter) གྱིས་མཚོན་པའི་སྤྱི་ཚོགས་དྲ་ལམ་ཁག་ཏུ་བརྒྱུད་སྤེལ་བྱེད་བཞིན་བཞིན་འདུག
སྤྱིའི་ཆ་ནས་བཤད་ན། རྒྱ་ནག་ཏུ་ཡོའུ་ཏོབ་དང་ཋོའུ་ཋར་ལྟ་བུའི་སྤྱི་ཚོགས་དྲ་ལམ་རྣམས་བཀག་སྡོམ་བྱས་ཡོད་ཀྱང་། ཌན་ནལ-ཌམ་བྷིལ་(Daniel Dumbrill) ཟེར་བའི་ཕྱི་རྒྱལ་བ་ཞིག་གིས་རང་ཉིད་བོད་དང་། རྒྱལ་ས་ལྷ་ས་ལ་སྤྲོ་འཆམ་དུ་འགྲོ་བཞིན་པ་དང་། ལོ་རྒྱུས་ཀྱི་གནས་ཆེན་ཁག་ཏུ་བསྐྱོད་དེ་གནས་ཚུལ་དངོས་རྒྱུས་ལོན་བྱེད་བཞིན་པའི་རྣམ་པ་ལྡན་པའི་བརྙན་ཐུང་རྣམས་སྤྱི་ཚོགས་དྲ་ལམ་ཁག་ཏུ་སྤེལ་གྱི་འདུག
ཁོས་ཕྱི་ཟླ་ ༨ ཚེས་ ༢༥ ཉིན་སོ་སོའི་ཡོའུ་ཊོབ་ཏུ་“ཏཱ་ལའི་བླ་མའི་དབང་སྒྱུར་སྐབས་ཀྱི་བོད་ཀྱི་འཚོ་བ་”ཞེས་པའི་བརྙན་ཐུང་ཞིག་བཞག་པའི་ནང་། ས་གནས་དངོས་ལ་ཕྱིན་ནས་གནས་སྟངས་དངོས་ལ་རྒྱུས་ལོན་བྱེད་པའི་ཁུལ་གྱིས་ ༡༩༥༩ ཡི་སྔོན་གྱི་བོད་ཀྱི་འཚོ་བ་དེ་རྒྱ་ནག་གཞུང་གི་དུས་རྒྱུན་རྫུན་བསྒྲགས་དང་མཐུན་པའི་ཐོག་ནས་འགྲེལ་བརྗོད་བྱས་འདུག
ཁོ་རང་ཕ་ལྷ་བའི་གཞིས་ཁང་དུ་བསྐྱོད་དེ་ནང་གི་ཅ་དངོས་རྣམས་(སྔོན་ཆད་ཇི་བཞིན་བཞག་ཡོད་ཟེར)དང་། སྐབས་དེའི་བོད་ཀྱི་འཚོ་བའི་གནས་སྟངས་ལ་འགྲེལ་བརྗོད་བྱེད་པའི་བརྙན་ཐུང་ཆུ་ཚོད་ཕྱེད་ཀ་མ་ཟིན་ཙམ་དེའི་ནང་། “ཕ་ལྷའི་གཞིས་བྲན་གྱི་རྒྱུད་པ་རེད་”ཟེར་བའི་སྣེ་ཤན་པ་དེས་སྐད་སྒྱུར་བ་(སྣེ་ཤན་པས་རྒྱ་སྐད་རྒྱག་གི་འདུག)བརྒྱུད་ནས་ཁོ་ལ་“བོད་ཀྱི་སྐུ་དྲག་མི་དྲག་གིས་མི་འབོར་གྱི་བརྒྱ་ཆ་ ༥ ལས་ཟིན་མེད་ཀྱང་། ཁོ་ཚོས་བོད་ཀྱི་ས་ཆ་དང་ཞིང་ཁ་ཡི་བརྒྱ་ཆ་ ༩༥ བདག་བཟུང་དབང་སྒྱུར་བྱེད་པས། བོད་ཀྱི་མི་འབོར་བརྒྱ་ཆ་ ༩༥ ཡིས་བརྒྱ་ཆ་ ༥ ཡི་ཆེད་དུ་ལས་ཀ་བྱེད་ཀྱི་ཡོད་”ཅེས་འགྲེལ་བརྗོད་བྱས་པ་མ་ཟད། དེ་ནས་ཁོས་བརྙན་དུ་བླངས་པའི་གཞིས་ཁང་གི་སྒོ་དམའ་བོ་དེ་ལའང་གཏམ་རྒྱུད་ཅིག་ཡོད་ཚུལ་བརྗོད་པ་དང་། དེ་ནི་“སྐུ་དྲག་ཚོས་ཞིང་བྲན་རྣམས་ལ་གདུག་སྦྱོང་མནར་སྤྱོད་བཏང་བ་ཆེ་དྲགས་པས། ཁོ་ཚོ་ཤི་རྗེས་རོ་ལང་དུ་གྱུར་ནས་ཕྱིར་བྲན་བདག་ལ་གནོད་སྐྱེལ་དུ་ཡོང་རྒྱུར་སྐྲག་ནས་སྒོ་དེ་འདྲའི་དམའ་བོ་ཞིག་བཟོས་པ་རེད་ཟེར་”ཞེས་འགྲེལ་བརྗོད་བྱེད་ཀྱི་འདུག
ཌན་ནལ-ཌམ་བྷིལ་ནི་རྒྱུན་པར་རྒྱ་ནག་ཏུ་སྡོད་པའི་ཁ་ན་ཊའི་ཚོང་པ་ཞིག་ཡིན་ཞིང་། ཁོའི་ཆུང་མ་རྒྱ་མོ་ཞིག་ཡིན་འདུག ཁོས་རྒྱུན་པར་སྤྱི་ཚོགས་དྲ་ལམ་དང་གསར་འགྱུར་རྒྱུད་ལམ་ཁག་ཏུ་རྒྱ་ནག་གཞུང་གི་དྲིལ་བསྒྲགས་དང་མཐུན་པའི་སྐད་ཆ་འབའ་ཞིག་རྗོད་པ་མ་ཟད། བོད་ཀྱི་ལོ་རྒྱུས་དང་གནས་སྟངས་སྐོར་ལ་ལྷག་ཏུ་འཁྱོག་བརྗོད་བྱེད་ཀྱི་འདུག
ཁོའི་ཡོའུ་ཊོབ་ལ་རྗེས་འབྲང་བ་འབུམ་གཅིག་མ་ཟིན་ཙམ་ཞིག་འདུག་པ་དང་། ཁ་སང་བཞག་པའི་བརྙན་ཐུང་དེ་ལ་ད་བར་ལྟ་མཁན་ ༡༨,༢༢༧ བྱུང་ཟིན་འདུག
ད་ལྟ་ནི་སྤྱི་ཚོགས་དྲ་ལམ་གྱི་དུས་རབས་ཡིན་པས། རྒྱ་ནག་གཞུང་གིས་ལོ་རེར་ངོ་དེབ་དང་། ཋོའུ་ཋར། ཡོའུ་ཊོབ་སོགས་ཀྱི་ཁ་བྱང་རྫུན་མ་ས་ཡ་མང་པོ་བཟོས་ནས་འཛམ་གླིང་མི་མང་གི་ལྟ་ཕྱོགས་དང་མཐོང་སྟངས་ལ་ཤུགས་རྐྱེན་སྟེེར་བའི་འབད་བརྩོན་བྱེད་ཀྱི་ཡོད་པ་མ་ཟད། སྤྱི་ཚོགས་དྲ་ལམ་དུ་རྗེས་འབྲང་བ་མང་པོ་ཡོད་པའི་མི་སྣ་རྣམས་ལ་མངོན་ཤུགས་བརྒྱུད་གསུམ་ནས་རྒྱ་ནག་གཞུང་གི་རྫུན་བསྒྲགས་སྤེལ་དུ་བཅུག་སྟེ་མངོན་ཆུང་ངང་འཛམ་གླིང་གི་མིག་ལམ་དུ་བདེན་པ་མ་ཡིན་པ་རྣམས་བདེན་པར་སྒྱུར་ཐབས་བྱེད་ཀྱི་ཡོད་འདུག
གསར་འགོད་པ་དཀོན་མཆོག་རབ་བརྟན།