ཧོང་ཀོང་སྲིད་གཞུང་ནས་རྒྱ་ནག་གིས་འཛིན་བཟུང་བྱས་པའི་ཧོང་ཀོང་བ་༡༢ ལ་ཐེ་བྱུས་བྱེད་རྒྱུ་མིན་ཞེས་བཤད་འདུག
ཁ་སང་རེས་གཟའ་ཉི་མའི་ཕྱི་དྲོར་ཧོང་ཀོང་གཞུང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཟླ་སྔོན་མར་རྒྱ་མཚོ་བརྒྱུད་དེ་ཐའེ་ཝན་ལ་བྲོས་བྱོལ་དུ་སྐྱོད་བཞིན་སྐབས། རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་པའི་ཧོང་ཀོང་བ་༡༢ ཀྱི་ནང་མི་ཚོས་ཧོང་ཀོང་གཞུང་ལ་རོགས་པ་དགོས་པའི་རེ་སྐུལ་ཞུས་ནའང་། ཧོང་ཀོང་གཞུང་གིས་དེ་ལ་ཐེ་བྱུས་བྱེད་རྒྱུ་མིན་པའི་གསལ་བསྒྲགས་སྤེལ་འདུག
ཧོང་ཀོང་གཞུང་གིས་“འབྲེལ་ཡོད་ཀྱི་ཉེས་དོན་དེ་ནི་སྐམ་ས་ཆེན་མོའི་ཁྲིམས་ཀྱི་ཁྱབ་ཁོངས་སུ་ཚུད་སྟབས། དམིགས་བསལ་ས་གནས་སྲིད་གཞུང་གིས་དེ་ལ་གུས་བརྩི་ཞུས་ཏེ་ཐེ་བྱུས་བྱེད་རྒྱུ་མིན་”ཞེས་བཤད་པའི་ཁར། མི་༡༢ དེ་དག་གིས་ཧོང་ཀོང་དུ་“ཁྲིམས་འགལ་གྱི་བྱ་སྤྱོད་སྣ་ཚོགས་ཤིག་སྤེལ་”བའི་དོགས་གཞི་ཡོད་པ་དང་། ནང་མི་ཚོ་ལ་རྒྱ་ནག་གཞུང་ནས་མཁོ་སྤྲོད་བྱས་པའི་རིན་མེད་ཁྲིམས་འབྲེལ་ཞབས་ཞུ་(free legal consulatation service) བེད་སྤྱོད་བྱེད་དགོས་ཞེས་བརྗོད་འདུག
གཞུང་གི་གསལ་བསྒྲགས་དེ་ནི། ཕྱི་ཟླ་༨ ཚེས་༢༣ ཉིན་ཐའེ་ཝན་དུ་སྐྱབས་བཅོལ་དུ་འགྲོ་བཞིན་པའི་ཚེ་བཀེང་ཏུང་(Guangdon) གི་ཉེན་རྟོག་པས་འཛིན་བཟུང་བྱས་པའི་ཧོང་ཀོང་བ་༡༢ ཀྱི་ནང་མི་ཚོས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས་ཁོ་ཚོ་ཕྱིར་ཧོང་ཀོང་ལ་ཡོང་དུ་འཇུག་དགོས་པའི་རེ་འདུན་བཏོན་ནས་ཉིན་གཅིག་གི་རྗེས་སུ་སྤེལ་བ་ཞིག་རེད་འདུག
གསར་འགོད་གསལ་བསྒྲགས་ཐོག ནང་མི་ཚོས་ཁ་རས་དང་ཞྭ་མོ་གྱོན་ནས་ངོ་གདོང་མི་མཐོང་བ་བཟོས་རྗེས། རྒྱ་ནག་གཞུང་གིས་མཁོ་སྤྲོད་བྱས་པའི་ཁྲིམས་རྩོད་པའི་ཚབ་ཏུ་ཁོ་ཚོ་རང་ཉིད་ཀྱིས་ཁྲིམས་རྩོད་པ་གླ་ཆོག་པ་དང་། བཙོན་དུ་བཙུད་པའི་མི་རྣམས་ཚུར་ནང་མི་དག་ལ་ཁ་པར་གཏོང་དུ་འཇུག་དགོས་པའི་ཞུ་བ་བྱས་འདུག
ནང་མི་ཉེ་འབྲེལ་ཚོས་བརྗོད་པ་ལྟར་ན། རྒྱ་ནག་གི་བཙོན་འོག་ཏུ་ཚུད་པའི་མི་དག་གི་ཁྲོད་དུ་སྨན་བཅོས་དགོས་པའི་ནད་པ་འགའ་ཤས་ཡོད་པ་མ་ཟད། ལོ་ན་༡༦ ལས་སོན་མེད་པའི་ན་ཆུང་ཞིག་ཀྱང་ཡོད་འདུག
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མོར་གྷན་(Morgan Ortagus) ཡིས་ཋོའུ་ཋར་དྲ་ཐོག་ཏུ་བྲོས་བྱོལ་བ་༡༢ འཛིན་བཟུང་བཙོན་འཇུག་བྱས་པ་དེ་ནི། “ཧོང་ཀོང་དུ་འགྲོ་བ་མིའི་ཐོབ་ཐང་ཉམས་ཆག་འགྲོ་བཞིན་པའི་དཔེ་མཚོན་གཞན་ཞིག་རེད་”ཅེས་བྲིས་ནས་རྒྱ་ནག་གཞུང་ལ་འོས་འཚམ་གྱི་ཁྲིམས་ལུགས་བརྒྱུད་རིམ་ལག་བསྟར་བྱེད་དགོས་ཚུལ་བཤད་ན་ཡང་། རྒྱ་ནག་ཕྱི་སྲིད་ལས་ཁུངས་ནས་མི་དེ་དག་ནི་“ཁ་བྲལ་རིང་ལུགས་པ་”ཡིན་པའི་ཉེས་འཛུགས་བྱས་འདུག
“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་སྲིད་བྱུས་འོག གོ་ལའི་དཔལ་འབྱོར་གྱི་ལྟེ་གནས་སུ་གྱུར་བའི་ཧོང་ཀོང་དུ་དེ་སྔོན་ལྟོས་བཅས་ཀྱིས་ཐོབ་ཐང་དང་རང་དབང་ཆེ་བ་ཡོད་མྱོང་ན་ཡང་། རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་༧ པའི་ནང་“རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས་”ཞེས་པ་གཏན་ལ་ཕབ་པ་ནས་བཟུང་། རྒྱ་ནག་གི་གྲོང་ཁྱེར་གཞན་དང་གཅིག་མཚུངས་སུ་གྱུར་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།