བོད་དོན་ལས་འགུལ་ཚོགས་པ་ཚོས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ་རྒྱ་ནག་འོས་འདེམས་མི་བྱེད་པའི་རེ་སྐུལ་བྱས་འདུག
མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་གསར་པ་ཁག་ཅིག་འོས་འདེམས་བྱེད་རན་པ་དང་བསྟུན། བོད་དོན་ལས་འགུལ་ཚོགས་པ་༡༡༥ ཡིས་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཚོགས་མི་རྒྱལ་ཁབ་ཚོར། རྒྱ་ནག་ལ་རྒྱབ་སྐྱོར་གྱིས་འོས་ཤོག་མི་བླུགས་པའི་རེ་སྐུལ་གྱི་ཡོངས་ཁྱབ་ཞུ་ཡིག་ཅིག་བཏང་འདུག
དེ་ཡང་ཟླ་༡༠ པའི་ཚེས་༡༣ ཉིན་མཉམ་འབྲེལ་རྒྱལ་ཁབ་ཀྱི་གྲོས་ཚོགས་ཀྱིས། ཚོགས་མི་རྒྱལ་ཁབ་༤༧ གྱི་རྐུབ་སྟེགས་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སུ། ཚོགས་མི་གསར་པ་༡༥ འོས་འདེམས་བྱེད་རྒྱུ་ཡིན་པ་དང་། ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་མངའ་ཁུལ་ནས་ཚོགས་མི་བཞི་ཡི་རྐུབ་སྟེགས་སྟོང་པ་ཡོད་འདུག་པས། རྒྱ་ག་གིས་རྐུབ་སྟེགས་གཅིག་ཐོབ་རྒྱུར་རེ་བ་བྱེད་བཞིན་ཡོད་འདུག
བོད་དོན་ལས་འགུལ་བའི་ཚོགས་པ་༡༡༥ ཡིས། མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིའི་ཆ་རྐྱེན་ནི། ཚོགས་མི་རྒྱལ་ཁབ་དེས་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་དང་གོང་འཕེལ་གཏོང་རྒྱུ་དེ་ཡིན་པ་དང་། རྒྱ་ནག་གིས་ད་བར་བོད་དང་ཡུ་གུར་ས་ཁུལ། ལྷོ་སོག ཧོང་ཀོང་། དེ་བཞིན་རྒྱ་ནག་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པ་གསལ་པོ་དང་ཡོངས་གྲགས་ཡིན་པས། ཚོགས་མི་རྒྱལ་ཁབ་ཚོས་རྒྱ་ནག་ལ་བརྡ་ལན་དང་ཁ་གཏད་གཅོག་ཆེད་དུ། འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིར་རྒྱ་ནག་ལ་འོས་ཤོག་བླུགས་མི་རུང་བ་དང་། གལ་ཏེ་རྒྱ་ནག་འོས་འདེམས་བྱུང་ཚེ། ཚོགས་མི་རྒྱལ་ཁབ་ཚོས་ཆེད་དུ་མངགས་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པར་སྣང་མེད་བཏང་བ་ཆགས་ཀྱི་ཡོད་སྐོར་བརྗོད་འདུག
ཉེ་ཆར་མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས་སུ། ཨ་རི་དང་ཉི་ཧོང་། ཡུ་རོབ་མཐུན་ཚོགས་ཀྱི་རྒྱལ་ཁབ་མང་ཆེ་བ་ཞིག ཁེ་ན་ཌ། ཧེ་ཀྲི ཧུན་ཌོ་ར་སེ ཨོ་སི་ཀྲོ་ལི་ཡ། ནིའུ་ཛི་ལན་ཌ་སོགས་ཚུད་པའི་རྒྱལ་ཁབ་༣༩ ཡིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་སྐྱོན་བརྗོད་བྱས་ཡོད་པ་རེད་དེ། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་བསྔགས་བརྗོད་ཀྱི་བསྒྲགས་གཏམ་ལ་ཡང་རྒྱབ་སྐྱོར་བྱེད་མཁན་རྒྱལ་ཁབ་༥༠ ལས་མང་བ་བྱུང་ཡོད་འདུག
རྒྱུན་ཏུ་ནས་མཉམ་འབྲེལ་རྒྱལ་ཁབ་དང་རྒྱལ་སྤྱིའི་ཚོགས་འདུ་མང་ཆེ་བའི་ཐོག་ཏུ། རྒྱ་ནག་གིས་དཔལ་འབྱོར་དང་ཆབ་སྲིད་སོགས་ཀྱི་གནོན་ཤུགས་སྤྲད་ནས། རྒྱལ་ཁབ་ཆུང་ཆུང་མང་པོ་ཞིག་གིས་རྒྱ་ནག་གི་སྲིད་བྱུས་དང་ལས་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། སྟོབས་ཆེན་རྒྱལ་ཁབ་གཙོས་པའི་རྒྱལ་ཁབ་ཁག་ཅིག་ནས་དུས་རྒྱུན་དུ་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་རྒྱ་ནག་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་ནའང་། ད་བར་རྒྱ་ནག་ལ་གལ་ཆེའི་གནད་དོན་དེའི་ཐད་དཔལ་འབྱོར་གྱི་ཉེས་ཆད་ལྟ་བུ་ནུས་པ་ལྡན་པའི་ལས་དོན་གང་ཡང་སྤེལ་མེད་པ་རེད། ཉེ་ཆར་ཨ་རི་གཞུང་གིས་ཡུ་གུར་ས་གནས་དང་ཉེ་འགྲམ་གྱི་ཞིང་ཆེན་ཞིག་གི་ཚོང་ལས་ཁང་ལྔ་ཡི་ཚོང་རྫས་རྣམས། འཛིན་བཟུང་བཀག་ཉར་འོག་ཡོད་པའི་ཡུ་གུར་གཙོས་པའི་ཁ་ཆེ་གྲངས་ཉུང་མི་རིགས་རྣམས་ལ་བཙན་དབང་ཐོག་ནས་ངལ་རྩོལ་བྱེད་དུ་བཅུག་ནས་བཟོ་སྐྲུན་བྱས་པ་ཡིན་པས། ཚོང་རྫས་དེ་རྣམས་ཨ་རིར་ནང་འདྲེན་བཀག་འགོག་བྱེད་རྒྱུ་གསལ་བསྒྲགས་བྱས་ཏེ། ཨ་རིའི་ནང་སྲིད་བདེ་འཇགས་ལས་ཁུངས་ཀྱི་དྲུང་ཆེས་གསར་འགོད་པ་ཚོར། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཚབས་ཆེན་གྱི་བྱ་སྤྱོད་དེ་རིགས་ལ། བརྡ་ལན་ནན་པོ་ཞིག་དགོས་ཀྱི་ཡོད་པ་དང་། དེ་ནི་དེང་རབས་ཀྱི་བྲན་གཡོག་ལམ་ལུགས་ཡིན་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།