༧གོང་ས་མཆོག་གིས་ཀ་སྦུག་ཏུ་རྒས་ཡོལ་གྱི་སྐོར་ཕེབས་པའི་བཀའ་སློབ།

“མགོན་པོ་གང་གིས་བགྲེས་ཡོལ་ཕེབས་བཞེད་སྐོར་བཀའ་སློབ་བསྩལ་གནང་དེས་གཞིས་བྱེས་བོད་མི་ཡོངས་ལ་ཟས་བཅུད་གཉིད་བྲལ་གྱི་བློ་འཚབ་ཧ་ཅང་ཆེན་པོ་ཡོང་བཞིན་པར་བརྟེན་དེ་འདྲའི་དགོངས་བཞེས་ནམ་ཡང་མི་མཛད་པའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་”ཞེས་འཁོད་ཡོད་པ་རེད། དོན་དངོས་ཐོག་༧གོང་ས་མཆོག་གི་དགོངས་པ་འདི་རེད་ཅེས་འགྲེལ་རྒྱག་ཐུབ་ཐབས་བྲལ་བ་ཞིག་རེད། ཡིན་ཡང་༧གོང་ས་མཆོགག་གིས་སྔ་ཕྱི་ཕེབས་པའི་བཀའ་སློབ་ཁག་ནས་གང་དགོངས་ཀྱི་ཡོད་མེད་ལ་རང་སོ་སོས་དགོངས་པ་བཞེད་དགོས། ངས་འདི་ནས་༧གོང་ས་མཆོག་གིས་བཀའ་ཕེབས་མ་ཐག་པའི་བཀའ་སློབ་ཅིག་ཟིན་བྲིས་སུ་བཀོད་རྒྱུ་ཡིན། དེ་ཡང་ཟླ་འདིའི་ཚེས་༡༣ ཉིན་༧གོང་ས་མཆོག་གིས་ཀ་སྦུག་ཏུ་མི་མང་ལ་བགྲེས་ཡོལ་དང་འབྲེལ་བའི་སྐོར་བཀའ་སློབ་བསྩལ་བའི་ནང“ལྡི་ལིར་གསར་འགྱུར་བཀོད་མཁན་དང་སྐད་ཆ་བྱུང་པའི་ནང་། ངས་ནམ་རྒྱུན་སྐད་ཆ་བཤད་ཀྱི་ཡོད་པ་དེ་སྐད་ཆ་གསར་པ་ན་ཞིག་གོ་ནས་དེ་ཁྱབ་ཆེན་པོ་འདྲ་བཟོས། དེའི་རྐྱེན་གྱིས་རྒྱ་གར་གཞིས་ཆགས་ཁག་དང་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཁག་ནང་སེམས་ཚབས་བྱུང་ནས་ང་ལ་སྙན་ཞུ་དེ་འདྲ་མང་པོ་འབྱོར་བྱུང། ལྷག་པར་དུ་བོད་ནང་དུའང་འགའ་ཤས་ཀྱིས་ཏོག་ཙམ་ཡ་ང་བྱས་པ་དང་བློ་ཕམ་བྱས་པ་དེ་འདྲ་ཡོང་གི་ཡོད་པ་འདྲ། དེ་ལ་བློ་ཕམ་དང་གཡེང་ང་བྱེད་དགོས་པ་དེ་འདྲ་རྩ་བ་ཉིད་ནས་ཡོད་མ་རེད་ཅེས་དང། ཡང་ཁོང་གིས། བཙན་བྱོལ་སྒྲིག་འཛུགས་ཀྱི་ལས་འགན་དེ་ད་ལྟའི་སྐབས་ང་ཕྱེད་བགྲེས་ཡོལ་གྱི་ཐོག་བསྡད་ཡོད་པ་རེད། རིང་མིན་བཙན་བྱོལ་གྲོས་ཚོགས་འཚོག་དུས་ཡིག་ཐོག་ནས་སྙན་གསན་ཞུ་དགོས་བསམ་ནས་བསྡད་ཡོད། རྒས་ཡོལ་ཞེས་ནམ་རྒྱུན་ཚོགས་འདུའི་ཚོགས་དུས་བྱེད་རྒྱུ་དང་། དེ་དང་མཚུངས་པ་རྩིས་ཁྲ་ཁག་ལ་ངས་མིང་རྟགས་བཀོད་ཀྱི་ཡོད་རེད། དེ་ཚོའི་གྲས་རྒྱལ་བ་རིན་པོ་ཆེའི་མིང་གནས་རྗེས་འབྲེལ་བྱས་ནས་ཧ་ལམ་རྒྱལ་ཁབ་ཅིག་གི་གཙོ་འཛིན་འདྲ་བྱས་པའི་འགྲོ་སྟངས་ཤིག་ཆགས་ཡོད་པ་རེད། དེ་ཚོ་སྒྱུར་བཅོས་གཏོང་དགོས་ཀྱི་འདུག དེ་ཚོ་བཙན་བྱོལ་སྒྲིག་འཛུགས་རང་ཉིད་ཀྱི་ཐོག་ནས་འགན་གཙང་མ་ཞིག་འཁྱེར་དགོས་ཀྱི་འདུག དེ་རེད་མ་གཏོགས་ངས་བོད་པའི་དོན་དག་ལ་འགན་མ་བླངས་པ་བྱས་ནས་རྒས་ཡོལ་ཡིན་ཞེས་ཟེར་གྱི་ཡོད་མ་རེད། ཕྱི་ལོ་༢༠༠༡ གི་ལོ་ནས་མི་མང་གིས་མང་གཙོའི་ལམ་གྱི་ཐོག་ནས་འོས་བསྡུ་བྱས་ནས་བཀའ་བློན་ཁྲི་པ་སླེབས་ཡོད་པ་རེད་ལ་གཙོ་བོར་འགན་བཀའ་བློན་ཁྲི་པས་འཁྱེར་གྱི་ཡོད་པ་རེད། ༢༠༠༡ ནས་བཟུང་ང་ཕྱེད་རྒས་ཡོལ་སྒང་ལ་བསྡད་ཡོད་ཟེར་ནས་རྟག་པར་ཤོད་ཀྱི་ཡོད་ལ་དངོས་ཡོད་གནས་ཚུལ་དེ་ག་རང་ཡིན། དཔེར་ན། དེ་སྔ་ཡིན་ན་བཀའ་ཤག་གི་བཀའ་བློན་ཚོ་དང་མཉམ་དུ་ང་ཚོ་བདུན་ཕྲག་རེ་རེའི་ནང་ཚོགས་ཀྱི་ཡོད་རེད། ད་བཀའ་བློན་ཁྲི་པ་ལ་འགན་ཆ་ཚང་བཞེས་རྒྱུ་བྱུང་ཚར་པའི་རྗེས་ལ། དུས་དུས་སུ་བཀའ་བློན་ཁྲི་པ་མཇལ་གྱི་ཡོད་རེད་མ་གཏོགས། བཀའ་ཤག་ལྷན་རྒྱས་ང་ཚོ་སྒོར་སྒོར་བྱས་ནས་ཚོགས་རྒྱུ་དེ་ཧ་ལམ་ཡོད་མ་རེད། དེ་དག་ང་ཕྱེད་རྒས་ཡོལ་ལ་བསྡད་པའི་རྣམ་པ་དེ་རེད། ངས་ཕྱེད་རྒས་ཡོལ་བྱས་ནས་བསྡད། དེ་ནས་བཀའ་བློན་ཁྲི་པ་དང་བཀའ་ཤག་ལྷན་རྒྱས་དེ་དག་ལ་ང་ཕྱེད་རྒས་ཡོལ་བྱས་ནས་བསྡད་པའི་རྐྱེན་གྱིས་འཐུས་ཤོར་སོང་བ་ཏིལ་འབྲུ་ཙམ་ཡང་ཡོད་མ་རེད་ལ། འགྲིག་གི་ཡོད་རེད། ད་ཆ་རྒས་ཡོལ་རང་བསམ་བློ་གཏོང་གི་ཡོད་ཅེས་བཤད་ཀྱི་ཡོད་པ་དེ། དེ་ག་རང་ཡིན། ངས་རྒས་ཡོལ་ཞེས་ནས་བོད་སྤྱི་པའི་དོན་དག་ལ་འགན་འཁུར་མ་བླངས་པ་དང། སེམས་ཤུགས་ཆག་པ་དེ་འདྲ་རྩ་བ་ཉིད་ནས་མ་རེད། ང་བོད་སྤྱི་འབངས་ཆགས་བསྡད་ཡོད་རེད། བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ལ་བོད་སྤྱི་པའི་འགན་ཡོད་ཡོད་པ་རེད། ང་ལ་ཆ་མཚོན་ན་གཞིས་ལུས་རྒྱ་ཆེའི་མི་མང་། དེ་བཞིན་བཙན་བྱོལ་མི་མང་ཧ་ལམ་བརྒྱ་ཆ་དགུ་བཅུ་གོ་དགུས་ང་ལ་ཡིད་ཆེས་བྱེད་ཀྱི་ཡོད་རེད་ལ། བློས་བཀལ་གྱི་ཡོད་རེད། དེས་ན་ངས་བོད་ཀྱི་དོན་དག་བློས་གཏོང་རྒྱུ་དང་སེམས་ཤུགས་ཆགས་ནས་བསྡད་རྒྱུ་རྩ་བ་ཉིད་ནས་ཡོང་ཤེས་ཀྱི་མ་རེད། ད་ངས་ག་རེ་བྱེད་ཀྱི་ཡོད་རེད་ཅེ་ན། ཧ་ལམ་ལོ་ཉི་ཤུ་སུམ་ཅུའི་གོང་ནས་ངས་རྟག་པར་ཤོད་ཀྱི་ཡོད། ཁྱེད་རང་ཚོ་འགན་འཁུར་མཁན་ཚོས་འགན་གཙང་མ་འཁྱེར་ནས་རྒྱལ་བ་རིན་པ་ཆེ་མེད་པ་ནང་བཞིན་ཆགས་བཞག་སྟེ་འགན་གཙང་མ་འཁྱེར་དགོས་རེད། དེ་བྱས་པ་ཡིན་ན་ང་ཚོའི་བཙན་བྱོལ་བའི་དོན་གནད་གཙོ་བོའི་གྲས་ཏེ་ལས་བྱེད་པ་ཚོས་འགན་ཆ་ཚང་འཁུར་ཐུབ་ཀྱི་རེད་ལ། ང་ལས་ཞིབ་ཚགས་པ་དང་འགོ་འཚོས་པ་ཡོང་གི་རེད། གང་ཡིན་ཞེས་ན་ལས་ཀ་དེའི་སྒང་ལ་དུས་ཚོད་བཏང་ནས་སྡོད་ཀྱི་ཡོད་རེད་”ཅེས་གསུངས་ཡོད་པ་རེད། ཡང་རྒྱལ་ཡོངས་ཚོགས་ཆེན་མཇུག་བསྡོམས་ཚོགས་འདུའི་ཐོག ༸གོང་ས་མཆོག་གིས་“འདས་པའི་ལོ་སུམ་ཅུའི་གོང་ངོས་ཀྱིས་ྋརྒྱལ་བ་རིན་པོ་ཆེ་མེད་པ་ནང་བཞིན་འགན་ལེན་དགོས་ཞེས་བཤད་ཡོད། ང་ཚོའི་ལས་ཁུངས་ཁག་དང་འགོ་ཁྲིད་ཚོས་འགན་ཆ་ཚང་ཁྱེར་ནས་བྱས་པ་ཡིན་ན། ང་ལ་དུས་ཚོད་ཕྲན་བུ་ལྷག་པ་དེ་དག་བོད་སྤྱི་པའི་དོན་དག་ལ་བསམ་བློ་བཏང་ནས་སྡོད་པ་ལས་བསམ་བློ་མ་བཏང་བར་སྡོད་ཀྱི་མ་རེད། ཆོས་ཕྱོགས་ནས་བྱས་ན་ལས་དང་སྨོན་ལམ་གྱི་འབྲེལ་བ་ཡོད་པས་ང་རང་མ་ཤི་བར་བོད་སྤྱི་པའི་ལས་དོན་ལ་བསམ་བློ་གཏོང་གི་རེད། ཡིན་ནའང་ང་ཚོར་སྒྲིག་འཛུགས་ཤིག་ཡོད་པ་དེས་ལས་བགོས་བརྒྱབ་པ་ལྟར་འགན་གཙང་མ་འཁྱེར་དགོས།”ཞེས་བཀའ་སློབ་ཕེབས་ཡོད་པ་རེད།

དྲི་བ་ཞིག་ཡོང་གི་ཡོད་པ་དེ་བོད་མི་ཚོས་༧གོང་ས་མཆོག་གིས་བགྲེས་ཡོལ་ཆ་ཚང་ཕེབས་ཀྱི་ཡིན་གསུངས་པ་དེར་འགན་དབང་བཟོད་ཀྱི་ཡོད་མེད་དེ་རེད། ཟམ་གདོང་རིན་པ་ཆེ་ཐེངས་དང་པོ་མི་མང་གིས་ཐད་ཀར་བཀའ་ཁྲི་འོས་འདེམས་གྲུབ་ནས་བཀའ་ཁྲིའི་དམ་འབུལ་གནང་ལ་ཉེ་བའི་སྐབས་གསར་འགོད་གསལ་གྱི་བསྒྲགས་སྐབས་སུ། ཁོང་གིས། “བཀའ་བློན་ཁྲི་པ་མང་ཚོགས་ཀྱིས་ཐད་ཀར་འདེམས་ཐུབ་པའི་འགྱུར་བ་ཆེན་པོ་ཞིག་བྱུང་བ་རེད། ད་ཐེངས་ཀྱི་བཀའ་ཤག་འདིའི་ཐོག་ནས་ལས་འགན་འཁུར་བའི་སྦྱོང་བརྡར་བྱེད་དགོས་པ་བྱེད་ཀྱི་མིན་ཞེས་རྩ་ནས་ཞུ་རྒྱུ་མིན། ང་ཚོས་ངེས་པར་དུ་སྦྱོང་བརྡར་བྱེད་ཀྱི་ཡིན། ཚོད་ལྟ་བྱེད་རྒྱུ་ཡིན། ཐབས་ཤེས་བྱེད་རྒྱུ་ཡིན། ཡིན་ནའང་ཉིན་ཅིག་ལ་སྐུ་དབང་ཆ་ཚང་ཕྱིར་རྩིས་གནང་གི་ཡིན་གསུང་བ་ནི་རྩ་བ་ནས་དུས་ཚོད་སྨིན་གྱི་མི་འདུག རན་གྱི་མི་འདུག དེ་འདྲའི་བཀའ་མ་གནང་རོགས་ཞེས་ཞུ་རྒྱུའི་གནས་ཚུལ་ཆགས་ཡོད་པ་རེད་”ཅེས་གསུངས་ཡོད་པ་རེད།