རྙོག་གྲ་ནང་དུ་ལྷུང་བའི་རྒྱ་གར་གྱི་ངོ་དེབ་སྲིད་བྱུས་འགན་འཛིན་རྩ་དགོངས་ཞུས་འདུག 

ངོ་དེབ་ཚོང་ལས་ཁང་གི་སྲིད་བྱུས་དང་འགལ་ནས། ཚོང་གི་ཁེ་ཕན་ཆེད་དུ་གཞུང་འཛིན་སྲིད་དོན་ཚོགས་པར་དམིགས་བསལ་བཏང་བའི་ཉེས་འཛུགས་འོག་ཚུད་མཁན།  རྒྱ་གར་གྱི་ངོ་དེབ་ཚོང་ལས་ཁང་ཡན་ལག་གི་སྲིད་བྱུས་འགན་འཛིན་ལྕམ་ཨན་ཀི་ཌསེ་ལས་གནས་ནས་རྩ་དགོངས་ཞུས་འདུག 

ཟླ་༡༠ པའི་ཚེས་༢༨ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ངོ་དེབ་ཚོང་ལས་ཁང་གི་རྒྱ་གར་ཡན་ལག་གི་ཚོང་ལས་འགན་འཛིན་གྱིས་བསྒྲགས་གཏམ་ཞིག་སྤེལ་འདུག་པ་དང་། དེའི་ནང་ངོ་དེབ་ཚོང་ལས་ཁང་གི་རྒྱ་གར་ཡན་ལག་གི་སྲིད་བྱུས་འགན་འཛིན་ལྕམ་ཨན་ཀི་ཌསེ་(Ankhi Das) སྤྱི་དམངས་ཞབས་ཞུའི་ལས་ཀ་བྱེད་འདོད་ཡོད་པས། ངོ་དེབ་ཚོང་ལས་ཁང་གི་ལས་གནས་ནས་རྩ་དགོངས་ཞུས་ཡོད་པ་དང་། མོ་ནི་རྒྱ་གར་ནང་ངོ་དེབ་ཚོང་ལས་ཁང་གི་ལས་བྱེད་དང་ཤོས་ཀྱི་གྲས་ཡིན་ཁར། ཚོང་ལས་ཁང་གི་འཕེལ་རྒྱས་ལ་འགན་ཁུར་ཆེན་པོ་བླངས་ནས། ལེགས་སྐྱེས་ཆེན་པོ་སྤྲད་ཡོད་སྐོར་བསྒྲགས་འདུག ཟླ་༨ པའི་ནང་ལྕམ་ཁོང་དང་འབྲེལ་བའི་གནས་ཚུལ་ཞིག་རྒྱལ་སྤྱིའི་གསར་ཁང་གྲགས་ཅན་ཞིག་གིས་སྤེལ་ནས། རྒྱ་གར་ནང་རྙོག་གྲ་ཆེན་པོ་བྱུང་ནས། རྒྱ་གར་གྱི་ཚོང་ལས་ཁང་དེའི་ཚོང་ལས་འགན་འཛིན་ལ་གྲོས་ཚོགས་ཚོགས་ཆུང་ནས་འདྲི་རྩད་ནན་པོ་བྱས་ཡོད་པ་རེད། 

དེ་ཡང་ཟླ་༨ ཚེས་༡༤ ཉིན་ཨ་རིའི་བརྒྱུད་ལམ་གྲགས་ཅན་(The Wall Street Journal) གྱིས་་སྤེལ་བའི་ནང་གནས་ཚུལ་ནང་ངོ་དེབ་ཚོང་ལས་ཁང་གིས། རྒྱ་གར་ནང་ཚོང་ལས་ཀྱི་གྱོང་གུད་མི་ཡོང་བའི་ཆེད་དུ། གཞུང་འཛིན་སྲིད་དོན་ཚོགས་པ་བྷི་ཇེ་བྷི་ཡི་སྲིད་དོན་མི་སྣས། ངོ་དེབ་དྲ་ཐོག་ཏུ་ཆོས་ལུགས་མཐུན་སྒྲིལ་གཏོར་བཤིག་དང་འཁྲུག་རྐྱེན་སློང་བའི་སྐད་ཆ་བཤད་ཀྱང་། དེ་དག་ནག་གསུབ་མ་བཏང་བ་མ་ཟད། མི་སྣ་དེ་དག་ངོ་དེབ་ནས་བཀག་འགོག་བྱས་མེད་པ་དང་།  ངོ་དེབ་ཚོང་ལས་ཁང་གི་ད་ཡོད་དང་འདས་པའི་ལས་བྱེད་ཚོས་བརྗོད་དོན་ལ་གཞིགས་ན། དེ་སྔོན་རྒྱ་གར་གྱི་གཞུང་འཛིན་སྲིད་དོན་ཚོགས་པའི་ཚོགས་མི་དང་འགོ་ཁྲིད་ཁོངས་སུ་ཡོད་པའི་མི་སྣ་ཁག་ཅིག་གིས། རྒྱ་གར་ནང་གི་ཁ་ཆེ་མི་རིགས་དང་། དེ་བཞིན་རྒྱ་གར་གྱི་མི་སེར་ཐོབ་ཐང་གི་ཁྲིམས་གསར་པར་ངོ་རྒོལ་ལས་འགུལ་བ། ཁ་ཆེ་རུང་གྷེ་ཡ་མི་རིགས་སྐྱབས་བཅོལ་བ་སོགས་ལ་འཁོན་སེམས་ཀྱི་ཐོག་ནས། འཁྲུག་སློང་གི་སྐད་ཆ་བཤད་པ་དང་གཏམ་བཤད་སྤེལ་བ་རྣམས་དྲ་ཐོག་ཏུ་བཞག་སྐབས། ངོ་དེབ་ཚོང་ལས་ཁང་གི་སྲིད་བྱུས་ལྟར་ན། མི་སྣ་དེ་དག་སྤྱི་ཚོགས་དྲ་ལམ་དེ་ནས་བཀག་འགོག་བྱེད་པར་འགྲོ་སྐབས། རྒྱ་གར་ནང་གི་ངོ་དེབ་ཚོང་ལས་ཁང་གི་སྤྱི་དམངས་སྲིད་བྱུས་འགན་འཛིན་ལྕམ་ཨན་ཀི་ཌསེ་ཡིས་ཐེ་བྱུས་བྱས་ཏེ། མི་སྣ་དེ་དག་དམིགས་བསལ་བཏང་ནས་བཀག་འགོག་བྱས་མེད་པའི་གནས་ཚུལ་སྤེལ་ཡོད་འདུག 

གནས་ཚུལ་དེ་སྤེལ་རྐྱེན་རྒྱ་གར་གྱི་ཕྱོགས་འགལ་སྲིད་དོན་ཚོགས་པ་ཀོང་རི་སེའི་འགོ་ཁྲིད་ཚོས། ངོ་དེབ་ཚོང་ལས་ཁང་གི་བྱེད་ལས་དེར་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་དང་།  བྷི་ཇེ་བྷི་སྲིད་དོན་ཚོགས་པ་དང་འཁྲུག་རྐྱེན་སློང་མཁན་གྱི་སྲིད་དོན་མི་སྣ་བཅས་ནས་བརྒྱུད་ལམ་ཁག་གི་དྲི་བར་ལན་འདེབས་གང་ཡང་བྱས་མེད་འདུག འོན་ཀྱང་གནས་ཚུལ་དེ་ཐོན་རྗེས་ངོ་དེབ་ཚོང་ལས་ཁང་གིས་སྲིད་དོན་མི་སྣ་ཞིག་གི་རྩོད་རྙོག་ཅན་གྱི་སྐད་ཆ་ཁག་ཅིག་དྲ་ཐོག་ནས་ནག་གསུབ་བཏང་ཡོད་འདུག 

ངོ་དེབ་ཚོང་ལས་ཁང་ནས་སྲིད་དོན་ཚོགས་པ་སུ་གང་ལ་ཡང་དམིགས་བསལ་དང་ཕྱོགས་རིས་བྱས་མེད་པ་ཨུ་ཚུགས་བྱེད་བཞིན་འདུག་པ་དང་། ཨ་རིའི་གསར་ཁང་དེས་སྤེལ་བའི་གནས་ཚུལ་གཉིས་པ་ཞིག་ནང་། ལྕམ་ཨན་ཀི་ཌསེ་ནི་བྷི་ཇི་བྷི་སྲིད་དོན་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པ་དང་ཕྱོགས་འགལ་སྲིད་དོན་ཚོགས་པ་ཁག་ལ་ཚོང་ལས་ཁང་གི་ལས་བྱེད་ནང་ཁུལ་དུ་སྐྱོན་བརྗོད་དང་སྣང་ཆུང་ཆེན་པོ་བྱེད་མཁན་ཞིག་ཡིན་འདུག 

རྒྱ་གར་ནང་ངོ་དེབ་བེད་སྤྱོད་གཏོང་མཁན་མི་མང་ས་ཡ་༣༠༠ ལྷག་ཡོད་འདུག་པ་དང་། ཚོང་ལས་ཁང་དེས་གཉེར་བཞིན་པའི་ཝ་ཛེ་ཨེབ་འཕྲིན་ཐུང་མཉེན་ཆས་བཀོལ་སྤྱོད་བྱེད་མཁན་ས་ཡ་༤༠༠ ལྷག་ཡོད་ཁར། རྒྱ་གར་ནང་དུ་དྲ་ཐོག་ཏུ་དངུལ་སྤྲོད་ལེན་གྱི་ཚོང་དོན་གཉེར་འདོད་ཡོད་འདུག་པས། ད་ལྟའི་ཆར་རྒྱ་གར་དབུས་གཞུང་གི་ཆོག་མཆན་ཐོབ་ཐབས་བྱེད་བཞིན་ཡོད་འདུག 

ངོ་དེབ་དང་ཝ་ཛེ་ཨེབ་སོགས་ཀྱི་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་འོས་བསྡུ་སྐབས་སུ་སྡིངས་ཆ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་རེད།།

གསར་འགོད་པ་སྐལ་བཟང་དོན་གྲུབ།