༌༌༌༌༌༌༌༌༌༌༌༌༌༌༌༌༌༌

ཁྱེད་ཀྱི་རུས་མིང་དང་འབྲེལ་བའི་ཁོ་བོའི་བསམ་ཚུལ་འགའ་དྲ་ཐོག་སྤེལ་འདོད་བྱུང་།

གངས་ཅན་པའི་སྔོན་བྱོན་མཁས་དབང་རྣམས་ཀྱི་ངག་རྒྱུན་དུ།

སྤྱིར་གསུང་རབས་ཐམས་ཅད་ལ་དགོངས་འགྲེལ་རེ་ཡོད་ཀྱང་།

སྒྲ་ཚད་གཉིས་ནི་གསུང་རབས་སྤྱིའི་དགོངས་འགྲེལ་ཡིན་ཞེས་གསུངས་པ་དེ་ལྟར་མོད།

འདིར་ངས་རིགས་པ་དེའི་རྗེས་སུ་འབྲངས་ཏེ།

མཚན་ཟུར་གྱི་(ཇོ་སྲས།)ཞེས་པ་སྐབས་སུ་བབས་པའི་ངས་བརྗོད་དོན་ཡིན་ལ།

སྤྱིར་<<ཇོ་>>ཞེས་པ་གོ་རྒྱུ་མང་ལ།

སྐབས་འདིར་ཇོ་ཞེས་པ།

རུས་མིང་ཡིན་སྲིད་ལ།

དེ་ལས་གཞན་པའི་གོ་དོན་མེད་པའང་མིན།

གུས་པའི་ཤེས་པ་ལྟར་ན་དེ་ནི་གཅེན་པོའམ་ཕུ་བོ་སྟེ།

ཨ་ཇོ་དང་ཇོ་ཇོ་ཞེས་པའི་གོ་དོན་ཡོད་ལ།

མི་དང་ལྷའི་གཙོ་བོ།

སངས་རྒྱས་ཤཀྱ་ཐུབ་པ་དགུང་ལོ་༡༢ཕེབས་པའི་ཚད་ཀྱི་ལོངས་སྤྱོད་རྫོགས་པའི་སྐུའི་ཆས་སྤྲས་པ་དེ་ལའང་ཇོ་བོ།

མདོར་ན་གུས་པས་ཇོ་སྲས་བཀྲ་ཤིས་ཚེ་རིང་ཞེས།

མཚན་སྙན་སྔ་ས་ནས་ཐོས་ཀྱང་དངོས་སུ་མཇལ་བ་ནི།

༢༠༠༨ཟླ་༠༦ཚེས་༠༣ཉིན་ཡིན་ལ།

ཐོག་མར་མཇལ་བ་དང་ངས་ནི་ཁྱེད་གཟི་བརྗིད་ཆེ་ཞིང་།

ཐུགས་བག་ཕབ་པོ།

འཛུམ་པའི་མདངས་མངོན་ཞིང་།

བཀའ་མོལ་བབ་བརླིངས་ཆེ་བ།

ལྷག་པར་ཨ་ཚོམ་སྐྱེས་པ་མཛེས་ཤིང་།

དབུ་སྐྲ་བཟང་བ་མཐོང་ན་མི་མཐུན་པ་མེད་པ།

ཚིག་གི་མདོར་འཇུས་ན་ངས་མིག་ལམ་དུ་སྣང་ཚུལ་ནི།

ཆེས་སྔ་མོ་རྒྱ་ནག་ཁྲིམས་ཀྱི་རྒྱལ་པོའི་ལོ་རྒྱུས་རིག་པ་སྨྲ་བ་མཁས་ཅན་ཚོའི་རྣམ་འགྱུར་དང་མཚུངས་ཤིང་།

ཐེངས་འདིའི་མཛུབ་རྩེ་དབང་མེད་དུ་སྒུལ་ཚུལ་ནི།

ཆགས་སྲེད་ལ་དགའ་བའི་བུས་དགའ་མར་སེམས་ཤོར་ན།

སྐད་ཆ་ཞེ་ནས་སྦས་བསྐུངས་མི་ཐུབ་པར་ཁ་ལ་ཤོར་བ་བཞིན།

ཉིད་ཀྱི་མཁྱེན་ཡོན་དང་། བཟང་སྤྱོད། ལྷག་བསམ། ཕྱག་ལས་བཅས་ལ།

ཁོ་བོའི་ནང་སེམས་ཀྱི་གཟུགས་མེད་འགྱུར་བ་དེ།

ཕྱིའི་ལུས་ངག་ཐོག་གཟུགས་ཅན་དུ་གྲུབ་པ་ཞིག་རེད།

དེ་ཡང་ལོ་རྒྱུས་རིག་པ་ལ་སྲོལ་རྒྱུན་དང་།

དེང་རབས་གཉིས་མེད་ཅེས་དུས་དབང་གིས་མཁས་པ་སུས་ཀྱང་ཁས་ལེན་མི་ཐུབ།

དེ་བཞིན་ལོ་རྒྱུས་རིག་པ་དེ་གཉིས་ལ་བློ་ཁ་ཕྱོགས་ཟིན་པའི་མི་བུ་ཞིག་ཡིན་ཚེ།

བློ་གཟུ་བོར་གནས་པའི་ཐོག་ཁྱེད་ཀྱི་འགྲན་མེད་རྣམ་དཔྱོད་ལའང་གཉིས་ཁས་མི་བླངས་ཐབས་མེད་ཡིན།

འཇིག་རྟེན་གྱི་བྱ་དངོས་ཐམས་ཅད་ནི།

རྒྱུ་འབྲས་རྟེན་འབྲེལ་དང་།

ལྟོས་གྲུབ་རྟེན་འབྲེལ་གྱི་རང་བཞིན་ལས་མ་འདས་ཤིང་།

ཡུལ་ལོ་རྒྱུས་རིག་པ་དེ་གཉིས་ལས།

ཡུལ་ཅན་ཁྱེད་ཀྱི་ཐུགས་མཚོ་ལས་འཁྲུངས་པའི་རྣམ་དཔྱོད་ལའང་སྲོལ་རྒྱུན་མཁྱེན་པའི་རིག་པ་དང་།

དེང་རབས་མཁྱེན་པའི་རིག་པ་ཞེས་གཉིས་མ་དབྱེ་ན་ཐམས་ཅད་མཁྱེན་པའང་མི་དགྱེས་ཤིང།

ནང་པའི་ལྟ་བའི་ཡང་སྙིང་རྒྱུ་འབྲས་དང་ལྟོས་གྲུབ་རྟེན་འབྲེལ་ལའང་སྐུར་བ་ཆེན་པོ་ཞིག་གདབ་པར་འགྱུར་ལ།།

སྐབས་འདིར་ལོ་རྒྱུས་རིག་པའི་བསྡོམས་ཆེན་པོ་དེ་གཉིས་ལ་ནང་གསེས་ཀྱི་དབྱེ་བ་ཕྱེ་ན་རབ་ཏུ་མང་ཡང་ཡིག་ཚོགས་ལ་འཇིགས་ཏེ་བསྐྱུངས་སོ།།

ལར་ལོ་རྒྱུས་སྨྲ་བ་མང་ནའང་ཁྱེད་ལྟ་བུ་ལོ་རྒྱུས་ལ་མཐོང་རྒྱ་ཆེ་བ་དང་།

གནའ་དེང་གི་ལོ་རྒྱུས་འགྲོས་ལ་རྒྱུད་མངའ་ཆེ་བ།

ཐུགས་སེམས་བཟང་ཞིང་དཔེ་མཁྱུད་མེད་པ།

བོད་ཡུལ་ཀུན་གྱི་ཡུལ་ལུང་ཆེ་ཕྲ་ཚང་མར་ཐུགས་ཞིབ་ཡོད་པ།

ས་དགེ་བཀའ་རྙིང་བོན་བཅས་ལོ་རྒྱུས་མཁྱེན་པ་ཙམ་དུ་མ་ཟད།

དེ་དག་གི་བླ་ཆེན་རེ་རེའི་མཚན་ཐོགས་མེད་དུ་གསུངས་ཤིང་།

འཁྲུངས་འདས་ཀྱི་ལོ་ཚིགས་ཐག་ཆོད་པོའི་ངང་ལབ་ཆོག་ཆོག་ཡོད་པ།

ད་དུང་ལོ་རྒྱུས་རྣམ་ཐར་སོགས་ཀྱི་དཔེ་ཆའི་མཚན་བྱང་ཐོགས་མེད་དུ་གསུངས་ཤིང་།

དཔེ་མཛོད་གང་དུ་ཡོད་མེད།  དཔེ་རྒྱུན་དཀོན་མིན།

ད་དུང་ཆེས་སྔ་མོའི་བླ་མ་དང་དཔོན་པོའི་སྐུ་པར་རྙེད་དཀའ་བ་རེ་གཉིས་ཀྱང་།

ཁོང་གིས་ཉར་ཚགས་མཛད་པ་སོགས་ལ་བལྟས་ན།

དངོས་གནས་བོད་མི་རིགས་ཀྱི་ལོ་རྒྱུས་ལ་ཕན་པའི་ཕྱག་ལས་ཕུལ་ཏུ་ཕྱིན་པ་ཤ་སྟག་རེད།

ད་དུང་ངས་མ་མཐོང་བ་དང་།    མ་ཐོས་པ་ག་ཚོད་ཡོད་མ་རེད་དམ།

ཁོང་ནི་བོད་པ་ཚང་ལ་དགོས་པའི་ལོ་རྒྱུས་ཀྱི་མི་སྣ་འགྲན་ཟླ་བྲལ་བ་ཞིག་རེད་ལ།

ལོ་རྒྱུས་རིགས་པ་ལ་ཕྱག་ལས་ཐུགས་ཞིབ་གནང་སྟངས་ལ་ང་ཚོ་གཞོན་སྐྱེས་ཚོས་མིག་དཔེར་བལྟ་འོས།

དེ་བཞིན་ཁོང་ལྟ་བུ་མཁས་པ་རྒན་རབས་དག་དང་།

ང་ཚོ་འགྲོགས་འདྲིས་མང་ཙམ་བྱས་ཐུབ་ན་ཅི་མ་རུང་སྙམ།

ད་ནི་འཕྲོས་བཤད་འདིར་བཞག་སྟེ།

སླར་ཡང་ཇོ་སྲས་ཀྱི་བཤད་འཕྲོ་མཐུད་རྒྱུ་ཡིན།

{ཇོ་}ཞེས་པའི་གོ་དོན་གོང་དུ་བཤད་ཟིན།

སྲས་ཞེས་པ་ནི། སྲས་སྲོ། སྲས་པོ། སྲས་མོ། སྲས་ཀྱི་ཐུ་བོ། སྲས་སྐུ་ཞབས་སོགས་དོན་དངོས་ཐོག་བུའི་ཞེ་ས་ཡིན།

ཇོ་སྲསཞེས་བསྡོམས་པའི་གོ་བ་བླངས་ན་ཕལ་ཆེར་མིའི་གཙོ་བོ་ཞིག་གི་སྲས་པོ་ཡིན་པའམ།

ཡང་ན་ཇོ་བོ་ནི་མིའི་གཙོ་བོ་ལ་གོ་བས།

རང་རེ་བོད་ལ་མིའི་གཙོ་བོ་ནང་ནས་བཙན་པོ་གདུང་རྒྱུད་ལས་ལྷག་པའི་མིའི་གཙོ་བོ་ཞིག་མི་རྙེད་པས།

ཁྱེད་ནི་བཙན་པོའི་ལོ་རྒྱུས་ལ་མཁས་པའི་ཕུལ་དུ་ཕྱིན་པས།

ཇོ་བོ་བཙན་པོ་ཚོས་ཁྱེད་ལ་བུ་ལྟར་བརྩེ་བའི་ཕྱིེར།

ཇོ་སྲས་ཞེས་ངས་དེ་ལྟར་འགྲེལ་འདོད་བྱུང་།

དོན་དངོས་མ་སྐུ་དངོས་མ་ལ་འདྲི་རྒྱུ་མ་བྱུང་བས་ངས་བཤད་པ་དང་ཨེ་མཐུན་མི་ཤེས།

འོན་ཀྱང་། རིག་པ་གང་ཞིག་ཡང་དག་པར་ཤེས་འདོད་ཡོད་ཚེ།

ཐོག་མར་རང་ངོས་ནས་རྟོགས་ཐབས་ལ་འབད་སྩོལ་བྱས།

བར་དུ་གཞན་ལ་བགྲོ་གླེང་དང་རིག་པ་འདོན་རེས་བྱ་དགོས།

ཐ་མར་ཚད་ལྡན་མཁས་པའི་ཞབས་དྲུང་དུ་དོགས་གཅོད་བྱེད་ཚེ།

ད་གཟོད་ལྐོག་གྱུར་གྱི་ཤེས་བྱ་གང་ཞིག་ཡིན་ཡང་མ་རྟོགས་པའི་གནས་མེད་དོ།།

ཝ་ཎ་མཐོ་སློབ་ཏུ་དགེ་རྒན་ཟབ་སྦྱོང་གྲུབ་རྗེས། ཝ་ར་ཎ་སི་ནས་ལྡི་ལིའི་བར་གྱི་མེ་འཁོར་ཤིབ་གངྒཱ་ཞེས་མེ་འཁོར་ཡག་ཤོས་ཀྱི་ 3ac ནང་ཡོང་སྐབས། 2010 ཟླ་བཅུ་གཉིས་པའི་ཚེས་ 09 ཞོགས་པ་ཕྱག་ཚོད་བརྒྱད་པར་བྲིས་ཏེ་འདི་ཟླའི་ཚེས་ 19 དགོང་མོ་དྲ་ཐོག་བཀོད་པ་ཡིན་ནོ།།