གསར་འགོད་པས་དོ་སྣང་མ་བྱུང་བའི་༸གོང་ས་མཆོག་གི་མཛད་འཕྲིན།

དེ་ཡང་ད་ལོའི་ལོ་སྟོད་ནས་དཔལ་ལྡན་སྐུ་སྒེར་ཡིག་ཚང་དང་ར་བང་ལ་ས་གནས་འགོ་འཛིན་ལས་ཁུངས་བཅས་སུ་ཆིབས་བསྒྱུར་བཀའ་དྲིན་བསྐྱང་ཐབས་ཀྱི་སྙན་གསན་རིམ་པ་ཞུས་ཀྱང། ད་ལོ་འབྲས་ལྗོངས་གཞུང་ནས་སྐུ་ཕྱྭར་དམ་བསྒྲགས་ཆེན་པོ་གནང་བཞིན་ཡོད་པ་དང་འབྲས་ལྗོངས་གཞུང་ནས་བཀའ་འཁྲོལ་མ་ཐོབ་ཚེ་བྱ་ཐབས་མེད་སྐོར་གསུང་འདུག ཉིན་ཤས་སྔོན་༸གོང་ས་མཆོག་བཀྲིས་སྡིངས་ནས་ར་བང་ལར་ཐད་འཕུར་གནམ་གྲུ་བརྒྱུད་ཕེབས་འཆར་ཡོད་ཚུལ་དང་བོན་དགོན་ཕྱོགས་སུ་ཕེབས་ལམ་འཁེལ་གྱི་མེད་སྟབས་ཕེབས་ཐབས་མེད་པའི་བཀའ་ལན་གསལ་པོ་གནང་ཡོད་འདུག

ཡིན་ནའང་ཕྱི་ཚེས་ ༡༧ ཉིན་ཕེབས་འཁོར་བརྒྱུད་ཕེབས་ཀྱི་ཡོད་གནས་ཤེས་མ་ཐག་བོན་དགོན་ནས་གྲ་སྒྲིག་གིས་ས་གནས་འགོ་འཛིན་དང་། འབྲེལ་ཡོད་སྐུ་སྒེར་ལས་བྱེད། བདེ་སྲུང་བཀའ་བློན་བཅས་སུ་སྙན་གསན་ཞུས་འདུག་ཀྱང་ད་དཀའ་ལས་ཁག་པོ་ཡིན་པའི་འགྲེལ་བརྗོད་གནང་འདུག ཕྱི་ཚེས་ ༡༨ ཞོགས་པ་༸གོང་ས་མཆོག་ཆིབས་བསྒྱུར་གནང་སྐབས་བོན་དགོན་གྱི་རྒྱལ་སྒོའི་འགྲམ་སེར་ཕྲེང་བསྟར་སྒྲིག་དང། ལྷ་བསང་གཏོང་བཞིན་བླ་མ་ཉི་མ་སེངྒེ་དང་སྒྲུབ་མཁན་ཡོན་ཏན་རྒྱ་མཚོ་གཉིས་ཀྱིས་མཇལ་དར་ལག་ཏུ་ཐོགས་ནས་ཕེབས་སྒུག་ཞུས་པ་ལྟར་ཁོང་རྣམས་ཡོད་སར་ཆིབས་བསྒྱུར་གྲུབ་པ་དང་དགོན་པར་ཆིབས་བསྒྱུར་ཡོང་བའི་སྐྱབས་འཇུག་ཞུས་པ་ལྟར་ཆིབས་བསྒྱུར་གནང་བ་ཞིག་རེད་འདུག

༸གོང་ས་མཆོག་དགོན་པར་ཆིབས་བསྒྱུར་སྐབས་མཎྜལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་དང། དགོན་པའི་ལས་བསྡོམས་མདོར་བསྡུས་སྙན་སྒྲོན་ཞུས་པར་ཐུགས་དགྱེས་ཚོར་ཆེན་པོ་གནང་བ་མ་ཟད། བན་དེ་དང་བོན་པོ་གཉིས་ཀར་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་འཐོབ་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཡོད་པ་གཅིག་མཚུངས་ཡིན་པས་ཁྱེད་རང་ཚོས་ཀྱང་རང་ལུགས་ལ་བསླབ་པ་སློབ་གཉེར་ཚུལ་མཐུན་གནང་དགོས་པའི་བཀའ་གསུང་སྤྱི་བསྩལ་གནང་བ་མ་ཟད། དགོན་པའི་འདུ་ཁང་གསར་པར་བྱིན་རླབས་རབ་གནས་བསྩལ་གནང་མཛད་ཡོད་པ་བཅས་རེད།

དགོན་འདི་ནི་ཞིང་གཤེགས་བླ་མ་གཡུང་དྲུང་ཚུལ་ཁྲིམས་རིན་པོ་ཆེས་ ༡༩༨༤ ལོར་ཕྱག་བཏབ་པ་དང། བླ་གྲྭ་བཅུ་ཕྲག་བཞི་མ་ཟིན་ཙམ་ཡོད་ལ་བོད་ཡིག་འབྲི་ཀློག་དང། སུམ་རྟགས་སྙན་ངག རྒྱལ་རབས་ལོ་རྒྱུས། ཨ་སྙན་རྫོགས་གསུམ་གྱི་སྒྲུབ་གྲྭར་སློབ་གཉེར་བཅས་གནང་བཞིན་ཡོད་པ་དང། གྲྭ་པ་རྒན་གྲས་རྣམས་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཏོང་བཞིན་ཡོད་པ་རེད། འབྲས་ལྗོངས་རྒྱལ་ས་སྒང་ཏོག་གཙོ་བོར་གྱུར་པའི་ཡུལ་མི་རྣམས་དང་མཐུན་ལམ་གང་ལེགས་དང། ཁྱད་པར་རང་གཞུང་ནས་བསྟན་སྲིད་བདེ་ཐབས་དང་འབྲེལ་བའི་བཀའ་རྒྱ་ཇི་ཕེབས་དུས་ཐོག་གནད་སྨིན་འབད་སྒྲུབ་ཞུ་བཞིན་པ་བཅས་མདོར་ན་རིས་མེད་བསྟན་པ་སྤྱི་དང། ཡང་སྒོས་འཕྲུལ་ངག་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེར་ཐོས་བསམ་སྒོམ་སྒྲུབ་གནང་བཞིན་ཡོད་པ་ཞིག་རེད།

ད་དུང་དགོན་འདིར་ ༡༩༩༣ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་དམིགས་བསལ་ཆིབས་བསྒྱུར་གནང་མཛད་ཡོད་པ་རེད།

གོང་གསལ་གྱི་མཛད་འཕྲིན་དེ་གློ་བུར་དུ་བསྐྱངས་གནང་བ་ཞིག་ཡིན་སྟབས་སྐབས་དེར་གསར་འགོད་པ་རྣམས་ཀྱིས་ཤེས་རྟོགས་བྱུང་ཡོད་ཚོད་མི་འདུག