ཨོ་སི་ཀྲོ་ལི་ཡའི་དམག་མིས་ཨབ་གྷན་གྱི་མི་སེར་དཀྱུས་མ་མང་པོ་ཆེད་མངགས་བསད་ཡོད་འདུག

དཀྱིལ་ཤར་ཡུལ་གྲུ་ཨབ་གྷ་ནི་སེ་ཐན་དུ་ཨ་རི་གཙོས་པའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་དམག་མི་ཚོས། འཇིགས་སྐུལ་རིང་ལུགས་པར་འཐབ་རྒོལ་གྱི་མིང་ཐོག་ནས་བཙན་འཛུལ་བྱས་ནས། ཁྲིམས་འགལ་ཐོག་ནས་མི་སེར་དཀྱུས་མ་སྟོང་ཕྲག་མང་པོ་བསད་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། ཐེངས་འདིར་ཨོ་སི་ཀྲོ་ལི་ཡའི་དམག་མིས་མི་སྤྱོད་ལས་འདས་པའི་ཐོག་ནས་ཆེད་དུ་མངགས་ནས་མི་སེར་དཀྱུས་མ་མང་པོ་བསད་ཡོད་པའི་གནས་ཚུལ་ཕྱིར་ཐོན་འདུག

ཟླ་༡༡ པའི་ཚེས་༡༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨོ་སི་ཀྲོ་ལི་ཡའི་བདེ་སྲུང་རུ་ཁག་གིས་ལོ་ངོ་བཞིའི་རིང་ཞིབ་འཇུག་བྱས་པའི་གྲུབ་དོན་སྙན་ཐོ་ཕྱིར་བསྒྲགས་བྱས་འདུག་པ་དང་། སྙན་ཐོ་དེའི་ནང་ཕྱི་ལོ་༢༠༠༩ ལོ་ནས་༢༠༡༣ བར་ཨབ་གྷ་ནི་སེ་ཐན་ནང་དུ། རྒྱལ་ཁབ་དེའི་དམིགས་བསལ་དམག་གི་རུ་ཁག་གིས། ཨབ་གྷན་གྱི་བཙོན་པ་དང་ཞིང་པ། མི་སེར་དཀྱུས་མ་བཅས་༣༩ ཆེད་དུ་མངགས་ནས་བསད་ཡོད་པ་དང་། དེ་ཡང་དམག་མི་རྣམས་ལ་སྲོག་གི་ཉེན་ཁ་མེད་བཞིན་དུ་མི་སེར་དཀྱུས་མ་དེ་དག་དམར་གསོད་བཏང་ཡོད་པ་གནས་ཚུལ་རྙེད་སོན་བྱུང་འདུག བདེ་སྲུང་རུ་ཁག་གི་འགན་འཛིན་གྱིས་དམག་མིའི་བྱ་སྤྱོད་དེ་དག་ནི་ངོ་ཚ་དགོས་པ་ཞིག་ཡིན་སྐོར་བརྗོད་འདུག 

དེ་ཡང་ཕྱི་ལོ་༢༠༡༦ ལོར་ཨོ་སི་ཀྲོ་ལི་ཡའི་གསར་ཁང་ཁག་གིས། རྒྱལ་ཁབ་དེའི་དམག་མིས་ཨབ་གྷ་ནི་སེ་ཐན་གྱི་མི་སེར་དཀྱུས་མ་ཉེས་མེད་མང་པོ་ཞིག་ཆེད་དུ་མངགས་ནས་དམར་གསོད་བཏང་ཡོད་པའི་གནས་ཚུལ་ཡོད་པ་དང་། གནས་ཚུལ་དེ་དག་གཞུང་གིས་སྦས་ཐབས་བྱེད་ཀྱི་གནས་ཚུལ་བཏོན་ཡོད་འདུག དེའི་རྗེས་སུ་གནས་ཚུལ་དེའི་ཐོག་ཞིབ་འཇུག་འགོ་བཙུགས་འདུག་པ་དང་། གྲུབ་དོན་སྙན་ཐོ་ལོ་བཞི་ཡི་རྗེས་སུ་ཕྱིར་བསྒྲགས་བྱས་འདུག 

སྙན་ཐོའི་ནང་དུ་ཨོ་སི་ཀྲོ་ལི་ཡའི་ད་ཡོད་དམག་མིའམ་དམག་ཟུར་༢༥ ཡིས་ཁྲིམས་འགལ་བྱ་སྤྱོད་ལ་འཇུག་པའམ་བྱ་སྤྱོད་དེར་རོགས་པ་བྱས་ཡོད་པ། དེ་ཡང་དམག་མི་མང་ཆེ་བ་དམིགས་བསལ་གནམ་དམག་ཞབས་ཞུའི་དམག་མི་ཡིན་འདུག ཧ་ལས་དགོས་པ་ཞིག་ལ་མི་སེར་དཀྱུས་མ་༣༩ དེ་དག་དམར་གསོད་བཏང་བའི་སྐབས་སུ། དམག་འཁྲུག་རྒྱག་བཞིན་པའི་གནས་སྟངས་འོག་མ་ཡིན་པ་མ་ཟད། དམར་གསོད་གཏོང་མཁན་ཚོས་བྱ་སྤྱོད་དེ་ཁྲིམས་འགལ་ཡིན་པ་ཤེས་ཀྱི་ཡོད་འདུག དེ་ཡང་དམག་མི་དེ་ཚོས་དམག་མི་གསར་པ་རྣམས་དམག་ལ་ཞུགས་པའི་ཆོ་ག་ཆེད་དུ། མི་སེར་དཀྱུས་མ་བཙན་གྱིས་བསད་དུ་བཅུག་པའི་གནས་ཚུལ་བྱུང་ཡོད་ཁར། སྐབས་རེ་ཆེད་དུ་མངགས་ནས་མི་སེར་དཀྱུས་མ་དེ་དག་གི་ལུས་སམ་ཉེ་འཁོར་དུ་ལག་ཆ་སོགས་སྙོན་འཛུགས་ཆེད་དུ་བཞག་རྗེས་དམར་གསོད་བཏང་ཡོད་པ་དང་། རྗེས་སུ་མི་སེར་དཀྱུས་མ་དེ་དག་འཇིགས་སྐུལ་རིང་ལུགས་པ་ཡིན་པའི་སྙོན་འཛུགས་བྱས་ཡོད་པའི་གནས་ཚུལ་རྙེད་སོན་བྱུང་འདུག སྙན་ཐོའི་ནང་དུ་གནད་དོན་༢༣ ནང་དུ་འབྲེལ་ཡོད་དམག་མི་༡༩ རྣམས་རྒྱལ་ཁབ་དེའི་ཉེན་རྟོག་པར་རྩིས་སྤྲོད་ཀྱིས། ཁྲིམས་འགལ་གྱི་བྱ་སྤྱོད་དང་འབྲེལ་ནས་ཞིབ་འཇུག་དགོས་པ་ལམ་སྟོན་བྱས་ཡོད་འདུག 

གྲུབ་དོན་སྙན་ཐོ་དེ་ཕྱིར་བསྒྲགས་མ་བྱས་སྔོན་དུ། ཨོ་སི་ཀྲོ་ལི་ཡའི་སྲིད་བློན་གྱིས་སྙན་ཐོ་དེའི་ནང་ཨོ་སི་ཀྲོ་ལི་ཡའི་མི་མང་ལ་གནས་ཚུལ་ཡག་པོ་ཞིག་ཐོབ་རྒྱུ་མེད་པ་དང་། རྒྱལ་ཁབ་དེའི་དམིགས་བསལ་དམག་གི་རུ་ཁག་སྐོར་ཡིད་ལ་ཤོང་དཀའ་བའི་གནས་ཚུལ་ཡོད་སྐོར་བརྗོད་འདུག སྲིད་བློན་ཁོང་གིས་ཨབ་གྷ་ནི་སེ་ཐན་གྱི་སྲིད་འཛིན་ལ་ཁ་པར་བརྒྱུད་གནས་ཚུལ་དེའི་ཐོག་སེམས་སྡུག་ཡོད་སྐོར་དང་། ཉེས་ཅན་པ་ཚོར་ཁྲིམས་ཐོག་ནས་དྲང་བདེན་གྱིས་ལས་དོན་སྤེལ་རྒྱུ་ཁས་ལེན་བྱས་ཡོད་འདུག 

གནས་ཚུལ་ཕྱིར་བསྒྲགས་བྱས་རྗེས་ཉེས་ཅན་པ་ཚོར་ཁྲིམས་གཏུག་བྱེད་མིན་ཐོག་དམིགས་བསལ་ཞིབ་འཇུག་པ་ཞིག་བསྐོ་གཞག་བྱེད་རྒྱུ་ཡིན་འདུག་པ་དང་། དེ་བཞིན་རྒྱལ་ཁབ་དེའི་བདེ་སྲུང་རུ་ཁག་དང་འབྲེལ་བ་མེད་པའི་རང་དབང་ཅན་གྱི་ཚོགས་ཆུང་ཞིག་བསྐོ་འཛུགས་བྱས་ཏེ། དམག་མིའི་འགན་ཁུར་དང་ལས་དོན་ལ་ཕྱི་གསལ་ནང་གསལ་ཡོང་ཆེད་དུ་སྟངས་འཛིན་བྱེད་རྒྱུ་ཡིན་འདུག 

རྒྱལ་སྤྱིའི་ནག་ཉེས་ཁྲིམས་ཁང་གིས་ཨ་རི་ཡིས་ཨབ་གྷ་ནི་སེ་ཐན་ནང་དུ། དམག་འཁྲུག་སྐབས་སུ་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཞུགས་ཡོད་མེད་ཞིབ་འཇུག་བྱེད་བཞིན་ཡོད་འདུག་པ་དང་། ཨབ་གྷན་གཞུང་དང་། ཏ་ལི་བྷན་དྲག་སྤྱོད་པ་བཅས་ཀྱི་ཐོག་ལ་ཡང་ཞིབ་འཇུག་བྱེད་འཆར་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།