བློ་རྒྱ་ཆུང་ན་སྐད་ཡིག་དགྲ་རུ་སྡང།

         དཔེར་ན། མི་གྲངས་ས་ཡ་དགུ་ལས་མེད་པའི་སུ་ཝི་ཌིན་ Sweden ལ་ཆ་བཞག་པ་ཡིན་ན། ཕྱི་མི་གཞིས་སྤོས་བྱེད་མཁན་ཚང་མ་ལ་སུ་ཝི་ཌིན་གྱི་སྐད་ཡིག་ཤེས་ཐབས་སུ་རིན་མེད་ཐོག་སུ་ཝི་ཌིན་སྐད་ཀྱི་སློབ་ཁྲིད་བྱེད་ཀྱིན་ཡོད་པ་དང༌། སུ་ཝི་ཌིན་དུ་ཁྲིམས་མཐུན་ལས་ཀ་འཚོལ་བའི་ཞུ་ཡིག་ནང་དུ་ཡང་སུ་ཝི་ཌིན་སྐད་ཡིག་རྒྱུགས་སྤྲོད་ཟིན་པའི་ར་སྤྲོད་ཡི་གེ་སྟོན་དགོས་པ་སོགས། ཐབས་ལམ་སྣ་ཚོགས་བརྒྱུད་སུ་ཝི་ཌིན་གྱི་སྐད་ཡིག་སྲུང་སྐྱོང་བྱེད་བཞིན་ཡོད་མོད། སུ་ཝི་ཌིན་སློབ་གསོའི་བཅའ་ཁྲིམས་ནང་དུ་ཡུལ་ལུང་གཞན་ནས་ཡོང་བའི་ཕྲུ་གུ་ལ་རང་མི་རིགས་ཀྱི་སྐད་ཡིག་འཕེལ་རྒྱས་གཏོང་བའི་ཁེ་དབང་ཡོད་པ་དང༌། སུ་ཝི་ཌིན་གཞུང་གཉེར་མ་སྐད་ལྟེ་གནས་ཁང་དུ་ཁྱོན་སྐད་རིགས་མི་འདྲ་བ་ ༡༠༥ ཐམ་པའི་སློབ་ཚན་གཉེར་ཡོད་པ་རེད།

 

དེ་ལས་རྒྱས་ཙམ་བཤད་ན། སུ་ཝི་ཌིན་རྒྱལ་ཁོངས་སུ་མི་འབོར་ཁྲི་ཁ་ཤས་ལས་མེད་པའི་ས་མི་ Sami མི་རིགས་དང༌། འབུམ་ཁ་ཤས་ལས་མེད་པའི་སུ་ཝི་ཌིན་ཕིན་སི་ Sweden Finns མི་རིགས་དེ་ཚོ་ཡིན་ན་ཡང༌། ཁོང་ཚོའི་ཐུན་མོང་མ་ཡིན་པའི་སྐད་ཡིག་དེ་ཉིད་སུ་ཝི་ཌིན་རྒྱལ་ཁབ་ཀྱིས་སྲུང་སྐྱོང་བྱེད་ཀྱིན་ཡོད་ལ། གྲངས་ཉུང་མི་རིགས་དེ་ཚོའི་རང་སྐྱོང་ས་གནས་སུ་རང་སྐད་དང་སུ་ཝི་ཌིན་སྐད་བེད་སྤྱོད་འདྲ་མཚུངས་བྱེད་དགོས་པ་གཏན་འབེབས་བྱས་ཡོད་པ་དང་། ལྷག་པར་རང་སྐྱོང་ས་གནས་ཀྱི་གཞུང་ཞབས་ལས་བྱེད་པ་ཡིན་ན་ས་མི་སོགས་གྲངས་ཉུང་མི་རིགས་ཀྱི་སྐད་བྱང་ཆུབ་པ་ཤེས་དགོས་ཀྱི་ཡོད་པ་རེད།

ད་དུང་དཔེ་གཞན་ཞིག་བཤད་ན། མི་འབོར་ས་ཡ་བདུན་ལས་མེད་པའི་སུད་སི་ Switzerland ལྟ་བུ་ཆ་བཞག་ན་ཡང༌། རྒྱལ་ཁོངས་སུ་ས་གནས་སོ་སོར་སྐད་ཡིག་མ་འདྲ་བ་མང་པོ་སྤྱོད་པ་ཡིན་ལ། གལ་ཏེ་འཇར་མིན་སྐད་རྒྱག་སའི་ཁུལ་དུ་སྡོད་མཁན་ཞིག་ཕ་རན་སིའི་སྐད་རྒྱག་སའི་ཁུལ་དུ་གནས་སྤོས་བྱས་པ་ཡིན་ན། ངེས་པར་དུ་མི་དེས་ཕ་རན་སིའི་སྐད་རྒྱག་དགོས་ཀྱི་ཡོད་པ་དང༌། དེ་བཞིན་ཁེ་ཎ་ཌ་རྒྱལ་ཁབ་ནང་དུ་ཡང༌། དབྱིན་སྐད་རྒྱག་མཁན་དང་། སི་པན་དང༌། ཕ་རན་སི་སྐད་རྒྱག་མཁན་ས་གནས་སོ་སོར་ཡོད་པ་ནས། སུ་ཞིག་གནས་སྤོས་བྱས་པ་ཡིན་ན་ཡང་སུད་སི་དང་གཅིག་མཚུངས་གང་ནས་སྤོས་པའི་ཡུལ་སྐད་དེ་དོར་ནས་གང་དུ་སྤོ་སའི་ཡུལ་སྐད་དེ་སྤྱོད་དགོས་ཀྱི་ཡོད་པ་རེད།

འོན་ཀྱང་སི་ཝི་ཌིན་དང་སུད་སི་ལྟ་བུ་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་ཀྱང་སྐད་ཡིག་མང་པོ་སྤྱོད་པ་དང༌། དེ་ཡང་ས་གནས་གཅིག་ནས་གཅིག་ཏུ་གནས་སྤོས་ཀྱང་གང་གནས་སྤོ་སའི་ཡུལ་གྱི་སྐད་ཡིག་སྤྱོད་དགོས་པ་ལ། རྒྱ་རིགས་ཚོ་བོད་ནང་གནས་སྤོས་བྱེད་པ་ལ་བོད་སྐད་རྒྱག་མི་དགོས་པ་ཅི་ཡིན་ནམ། ཐ་ན་བོད་རིགས་དཔོན་པོ་དང་ལས་བྱེད་པ་མང་ཆེ་བས་ཀྱང་བོད་སྐད་མི་སྤྱོད་པར་རྒྱ་སྐད་རྒྱག་དགོས་པ་ག་རེ་ཡིན་ནམ། བོད་སྐད་ཡིག་གཅིག་པུ་ལས་མི་ཤེས་པའི་བོད་མི་ཚོར་ས་གནས་ཡིག་ཟམ་དང་། ཚོང་ཁང་དང་ཟ་ཁང༌། སྲིད་གཞུང་གི་ལས་ཁུངས་ཁག་ནང་ལས་ཀ་རག་རྒྱུ་ལྟར་བཞག་ཕན་ཚུན་གོ་བརྡ་ཡང་འཕྲོད་དཀའ་བར་གྱུར་ཡོད། དེས་ན་བོད་ཀྱི་སྐད་ཡིག་ལ་ཁྲིམས་ལུགས་ཀྱི་སྲུང་སྐྱོབ་མེད་པ་དང༌། རང་སྐྱོང་ས་གནས་སུ་མི་རིགས་ཀྱི་སྐད་ཡིག་བེད་སྤྱོད་ངེས་པར་བྱེད་དགོས་པའི་གཏན་འབེབས་མེད་པའམ་ཡོད་ཀྱང་ལག་བསྟར་མི་བྱེད་དོན་གང་ཡིན་ནམ།

སི་ཏཱ་ལིན་གྱིས། མི་རིགས་གང་ཞིག་རྩ་མེད་བཟོ་དགོས་ན་སྔོན་ལ་མི་རིགས་དེའི་སྐད་ཡིག་རྩ་མེད་བཟོ་དགོས་ཟེར་བ་ལྟར། གལ་སྲིད་བོད་སྐད་རྩ་བརླག་ཏུ་ཕྱིན་པ་ཡིན་ན་བོད་མི་རིགས་རིག་གནས་དང་བཅས་པ་རྩ་བརླག་འགྲོ་རྒྱུ་ཡིན་པ་བཤད་མ་དགོས། ལྷ་སར་སོང་ནས་བོད་སྐད་སྦྱངས་མྱོང་མཁན་ཨ་རིའི་གཞོན་ནུ་མ་ཨན་ཌར་སན་ཝིལ་གྱིས་རྒྱ་རིགས་དགེ་རྒན་མའོ་ལིའུ་ལ་བརྗོད་པ། བོད་ཀྱི་གནད་དོན་གལ་ཆེ་ཤོས་ནི་སྐད་ཡིག་ཡིན་པ་དང༌། སྐད་ཡིག་ནི་རིག་གནས་ཀྱི་བརྟེན་ས་ཡིན་པས། སྐད་ཡིག་མེད་པ་གྱུར་ན་རིག་གནས་མཐའ་དག་གནས་ཐུབ་ཀྱི་མ་རེད་ཅེས་ཟེར། དེ་ནི་སྐད་རིགས་མེད་ན་མི་རིགས་མེད་འགྲོ་བའི་ལོ་རྒྱུས་ཀྱི་ཆོས་ཉིད་དེ་དམར་ ཤོག་གཅིག་པུ་མ་ཡིན་པར་མང་གཙོའི་རྒྱལ་ཁབ་ཚོས་ཀྱང་ཁས་ལེན་པའི་རྟགས་རེད།

༡༩༥༩ ལོའི་སྔོན་དུ་བོད་ནང་སྐད་ཡིག་གཅིག་རང་ལས་མེད་ཅིང་། གཞུང་སྒེར་ཚང་མས་སྐད་ཡིག་དེ་སྤྱོད་པ་དང༌། ལྷག་པར་དགོན་སྡེ་དྲུག་སྟོང་ཙམ་གྱི་ནང་སྐད་ཡིག་དེའི་ཐོག་ནས་བསླབ་པ་སློབ་ གཉེར་དང་སློབ་ཁྲིད་བྱེད་ཀྱི་ཡོད་པས། གལ་ཏེ་རྒྱ་ནག་གཞུང་གི་བཙན་འཛུལ་མ་བྱས་ན་ཇི་སྲིད་བར་བོད་སྐད་ཡིག་ཉམས་ཆག་འགྲོ་དོགས་མི་དགོས་པ་རེད། ད་ཆ་རྒྱ་ནག་གཞུང་གིས་བོད་ནང་ཡར་རྒྱས་བཏང་བ་དང་གཏོར་བཤིག་བཏང་བའི་རྩོད་པ་མང་ པོ་དེ་ཚོ་དང་མི་འདྲ་བར། བོད་ཀྱི་སྐད་ཡིག་གཉིས་པོ་དེ་རྒྱ་ནག་གཞུང་གིས་ཉམས་ཆག་ནས་རིམ་པར་རྩ་མེད་གཏོང་རྩིས་ཡོད་པ་དེ་རྩོད་མེད་གསལ་གསལ་ཐེང་ཐེང་གྱུར་ཡོད་པ་རེད།

མང་གཙོའི་རྒྱལ་ཁབ་ཚོས་རང་གི་མངའ་ཁོངས་སུ་མི་ རིགས་དང་སྐད་རིགས། ཆོས་ལུགས་རིག་གཞུང་ཇི་ཙམ་མང་བ་ཡོད་པ་ནི་རྒྱལ་ཁབ་དེ་ཆེན་པོ་དང་ཕུན་སུམ་ཚོགས་པ་ཞིག་ཡིན་པའི་མཚོན་དོན་དང་གཟི་བརྗིད་དུ་བརྩི་བ་ཡིན་མོད། རྒྱ་ནག་གཞུང་གིས་རྒྱལ་ཁབ་གཅིག་ནང་མི་རིགས་དང་སྐད་རིགས་མང་པོ་ཡོད་པ་དེ་ལྟས་ངན་དང་བཀྲ་མ་ཤིས་པ་ཞིག་ཏུ་བརྩི་བཞིན་ཡོད། འོན་ཀྱང་ནུབ་ཕྱོགས་པ་ཚོས་འཛམ་གླིང་ནང་གི་སྐད་ཡིག་རིག་གཞུང་ཆུང་ངུ་ཞིག་ཡིན་ཀྱང་ཞིབ་འཇུག་བསྐྱར་གསོ་བྱེད་བཞིན་པའི་སྐབས་འདིར། བྱམས་སྙིང་རྗེ་དང་ལྟོས་སྒྲུབ་ཀྱི་རིག་པའི་གཞུང་ལུགས་ཕུན་སུམ་ཚོགས་ཤོས་དང༌། མ་འོངས་ཚན་རིག་པས་ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོར་གྱུར་པ་ནང་སེམས་ཀྱི་དཔྱད་གཞི་ཕུན་སུམ་ཚོགས་ཤོས་ཡོད་པའི་བོད་ཀྱི་མ་སྐད་འདི་རྩ་བརླག་བཟོས་པ་ཡིན་ན། དེ་ནི་རྒྱ་ནག་གི་ལོ་རྒྱུས་ཐོག་ལ་འཛམ་གླིང་མི་མང་ནམ་ཡང་དགོངས་དག་མི་ཐུབ་པའི་ནག་ཉེས་ཆེ་ཤོས་དེ་ཆགས་རྒྱུ་རེད།

གྲོས་མཐུན་ནམ་ཆིངས་ཡིག་དོན་ཚན་བཅུ་བདུན་ནང་རང་སྐྱོང་གི་ཁེ་དབང་དོན་ཚན་མང་པོ་ཞིག་དང་སྐད་བར་འབྲེལ་བ་ཡོད་མོད། དམིགས་བསལ་དོན་ཚན་དགུ་པའི་ནང༌། རིམ་གྱིས་བོད་རིགས་ཀྱི་སྐད་ཆ་དང་། ཡི་གེ །སློབ་གྲྭའི་སློབ་སྦྱོང་བཅས་གོང་འཕེལ་གཏོང་རྒྱུ། ཞེས་གསལ་ཡོད་པ་དང༌། པཎ་ཆེན་རིན་པོ་ཆེའི་ཡིག་འབྲུ་ཁྲི་བདུན་གྱི་སྙན་ཞུའི་ནང་དུ་ཡང་སྐད་ཡིག་སྐོར་འཁོད་ཡོད། མི་སྒེར་གྱི་དབང་དུ་བྱས་ན་པཎ་ཆེན་རིན་པོ་ཆེ་དང་ང་ཕོད། ཕུན་དབང་དང་རང་སྐྱོང་ལྗོངས་ཀྱི་བསྟན་འཛིན། སྐད་གཉིས་སྨྲ་བའི་དགེ་རྒན་བཀྲ་ཤིས་ཚེ་རིང་དང་། གཞན་ཡང་རང་སྐྱོང་ལྗོངས་ཀྱི་གྲོས་ཚོགས་ཀྱི་འཐུས་མི་མང་པོས་སྔ་རྗེས་སུ་བོད་ཀྱི་སྐད་ཡིག་གོང་འཕེལ་ཡོང་ཐབས་ཀྱི་གཏམ་བཤད་དང༌ལས་འགུལ། གོང་རིམ་ལ་སྙན་ཞུ་ཚུན་ཆད་བརྒྱབ་ཡོད་ཀྱང་རྒྱ་ནག་གཞུང་གིས་ངོས་ལེན་བྱས་མེད།

༡༩༨༨ ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་མ་བརྒྱ་ཕྲག་ཁ་ཤས་ཀྱིས་རྔམ་སྟོམ་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ནས་གྲངས་ཉུང་མི་རིགས་ཀྱི་མ་སྐད་བེད་སྤྱོད་ཁེ་དབང་ལོངས་སུ་སྤྱོད་ཆོག་པའི་དགོས་འདུན་བཏོན་པ་དང༌། ༡༩༨༩ ལོར་ཡང་མཚོ་སྔོན་ཀན་ལྷོ་བོད་རིགས་སློབ་འབྲིང་གི་སློབ་མས་ཀྱང་རྔམ་སྟོན་ ཁྲོམ་སྐོར་བྱས་ཏེ་གོང་མཚུངས་དགོས་འདུན་བཏོན་ཡོད། ༢༠༡༠ ལོའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་འགུལ་དེ་ཞིང་ཆེན་གཉིས་དང༌། གྲོང་ཁྱེར་གཉིས། བོད་རིགས་རང་སྐྱོང་ཁུལ་དྲུག་ནང་ཁྱབ་ཡོད་ཅིང༌། ལས་འགུལ་དེ་བཏུད་མར་ཉིན་གྲངས་མང་པོར་བར་མཚམས་ཆད་མེད་པ་དང༌། ལས་འགུལ་ནང་ཞུགས་མཁན་སྔ་ཕྱི་སྡོམ་པའི་མི་གྲངས་ཁྲི་གསུམ་ལས་བརྒལ་ཡོད་པ་རེད། དེ་དག་གི་སྐོར་ཟིན་བྲིས་ནང་དུམ་བུ་ཁ་ཤས་བཀོད་ཟིན། གང་ལྟར་རྒྱ་ནག་གཞུང་གིས་རྒྱལ་གཅེས་པ་ཞེས་འབོད་པའི་བོད་མི་དེ་དག་དང༌། གསར་བརྗེའི་བུ་ཕྲུག་ཚོའི་མངོན་འདོད་ལ་བརྩི་བཀུར་མི་བྱེད་པ་འདིས་ག་རེ་མཚོན་གྱི་ཡོད་པ་དེ་བཤད་མ་དགོས་ཀྱང༌། དེའི་མཇུག་འབྲས་ནི་ཚོད་དཔག་དཀའ་བ་ཞིག་རེད།

ཡང་གཅིག་བཤད་ན། རྒྱལ་ཁབ་གཅིག་ནང་མི་རིགས་དང་སྐད་རིགས་མང་པོ་ཡོད་པ་དེ་བཀྲ་མ་ཤིས་པ་ཞིག་མ་ ཡིན་པར། གཅིག་ལས་གཉིས་ཤོང་མི་ཐུབ་པའི་བློ་རྒྱ་ཆུང་དྲགས་པ་དང༌། དོགས་པ་དང་རྣམ་རྟོག་ཚ་དྲགས་པ་དེས་བཀྲ་མ་ཤིས་པ་དང་ལྟས་ངན་པ་ཞིག་གི་སྣེ་ཁྲིད་བྱེད་སྲིད། མཚམས་འདིར་ངས་རྒྱ་ནག་གི་སྒྲུང་ཞིག་དྲན་བྱུང༌། སུང་ཅང་དང་གྲའོ་ཀེ་གཉིས་པོ་བློ་རྒྱ་ཆེ་ཤིང་ཁ་དན་ཚིག་གནས་བྱེད་པས་གནམ་འོག་གི་ཕོ་རྒོད་ཚང་མས་གོང་དུ་བཀུར་བ་དང༌། མཁར་རྫོང་བདག་པོ་ཝང་ལུན་ནི་བློ་རྒྱ་ཆུང་ཞིང་ཚང་མ་རང་གི་གོང་ལ་ཡོང་གི་དོགས་པའི་རྣམ་རྟོག་ཚ་དྲགས་ནས་མཐའ་མ་ཀུན་དང་འགྲན་ཟླར་གྱུར་ཏེ་གཏམ་དོན་གང་ཡང་མ་བྱུང་བར་གཞན་གྱི་ལག་འོག་ཏུ་འཆི་དགོས་བྱུང་ཡོད།

རྣམ་གསལ་གྱི་དཔེ་གཞན་ཞིག་བཤད་ན། མི་འབོར་ས་ཡ་ ༤༦ ཡོད་པའི་སི་པེན་གྱི་རྒྱལ་ཁོངས་སུ་ཧ་ལམ་བོད་ཀྱི་མི་འབོར་དང་མཉམ་པའི་ཁ་ཊ་ལོ་ནི་ཡ་ Catalonia ཡུལ་དེ་ ༢༠༠༦ ལོར་རང་སྐྱོང་གི་གནས་བབ་ཐོབ་ཡོད་པ་དང༌། ཁ་ཊ་ལོན་རང་སྐྱོང་ཁུལ་གྱི་དམའ་རིམ་དང་མཐོ་རིམ་སློབ་གྲྭ་ཁག་གི་སློབ་ཚན་ཚང་མ་ཁ་ཊ་ལོན་སྐད་ཡིག་ནང་སློབ་བཞིན་ཡོད་པ་དང་། ཡུལ་དེར་ཁ་ཊ་ལོན་གྱི་གཙུག་ལག་སློབ་གྲྭ་ ༩ ཡོད་པ་ཚང་མ་རང་སྐྱོང་སྲིད་གཞུང་གི་བཏང་འཛིན་འོག་ཁ་ཊ་ལོན་སྐད་ཡིག་བེད་སྤྱོད་བྱེད་བཞིན་ཡོད་པ་རེད། སི་པན་སྐད་ཡིག་ནི་གཞུང་འབྲེལ་སྐད་ཡིག་ལ་ངོས་ལེན་བྱེད་མཁན་རྒྱལ་ཁབ་ཉི་ཤུ་ལྷག་ཡོད་པའི་སྐད་ཡིག་ཁྱབ་ཆེན་པོ་དང་གལ་ཆེན་པོ་ཞིག་ཡིན་ཀྱང༌། སི་པན་རྒྱལ་ཁབ་རང་གི་ནང་དུ་གྲངས་ཉུང་མི་རིགས་ཀྱིས་རང་རང་གི་སྐད་ཡིག་བེད་སྤྱོད་གཏོང་བཅུག་གི་ཡོད།

སྤྱིར་ཁ་ཊ་ལོན་གྱི་སྐད་ཡིག་དེ་ཉམས་ཆག་ཐེངས་གཉིས་ཐེབས་ཡོད་པ་དང༌། ལྷག་པར་དུ་ ༡༩༣༩ ལོར་སི་པེན་ནང་འཁྲུག་ཡོལ་རྗེས་འཇར་མན་ན་ཛིས་རྒྱབ་སྐྱོར་འོག་སི་པེན་གྱི་དམག་སྤྱི་ཕ་རེན་ཀོ་ཡིས་དབང་འཛིན་སྐབས་ ༡༩༣༩ ནས་ ༡༩༧༧ བར་ཁ་ཊ་ལོན་སྐད་ཡིག་ལ་དམ་དྲག་ཆེན་པོ་བྱས་ཡོད་ཀྱང༌། ༡༩༧༨ ལོར་ཁ་ཊ་ལོན་རང་སྐྱོང་གི་གནས་བབ་དེ་སི་པན་དང་ཁ་ཊ་ལོན་གྲོས་ཚོགས་གཉིས་ཀས་ཁས་བླངས་པ་དང༌། དེ་ནས་ཁ་ཊ་ལོན་གྱི་མི་རིགས་རྣམས་ལ་ཆབ་སྲིད་ཀྱི་སྒྲིག་འཛུགས་ལོགས་སུ་ཡོང་ཆེད་འབད་བརྩོན་རིམ་པ་ཞིག་བྱས་རྗེས་ ༢༠༠༦ ལོར་ད་ལྟའི་རང་སྐྱོང་གི་གནས་བབ་ཆ་ ཚང་བ་འདི་བྱུང་ཡོད་པ་རེད།

འདི་དག་ནི་དཔེ་མཚོན་ཙམ་ཡིན་གྱི་འཛམ་གླིང་ནང་དེ་འདྲ་བ་མང་པོ་ཡོད་ཅིང༌། ༡༩༧༨ ལོར་སི་པེན་གཅིག་པོའི་འོག་ནས་དེ་འདྲའི་རང་སྐྱོང་ཁག་བཅུ་བདུན་ཙམ་སྤྲད་ཡོད་པ་རེད། དེས་ན་འཛམ་གླིང་ནང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སླར་གསོ་བྱེད་བཞིན་པའི་སྐབས་འདིར། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་བྱེད་པ་དེ་ངོ་ཚ་དགོས་པ་ཞིག་མ་རེད་དམ།

མཇུག་ཏུ་རྒྱ་ནག་གཞུང་ལ་གསལ་འདེབས་ཞུ་རྒྱུར། སྐད་ཡིག་དེ་མི་རིགས་ཀྱི་ངོ་བོ་མཚོན་བྱེད་ཡིན་ཀྱང་རྒྱལ་ཁབ་ཀྱི་བདག་དབང་དང་འབྲེལ་བ་གཏན་ནས་མེད་པར་ཤེས་དགོས། སྐད་ཡིག་གཅིག་ཡིན་ཀྱང་རྒྱལ་ཁབ་གཅིག་ཆགས་པའི་ངེས་པ་མེད་དེ། དཔེར་ན། དེང་འཛམ་གླིང་ནང་དབྱིན་ཇི་སྐད་ཡིག་གཞུང་སྐད་དུ་བྱེད་པའི་རྒྱལ་ཁབ་ལྔ་བཅུ་ ལྷག་ཡོད་ཀྱང་དེ་དག་རྒྱལ་ཁབ་གཅིག་ཏུ་དེ་སྔ་གྱུར་མེད་ལ། མ་འོངས་པར་ཡང་འགྱུར་བའི་རྟགས་མཚན་གང་ཡང་མཐོང་རྒྱུ་མེད། དེ་བཞིན་གོང་དུ་བཤད་པ་ལྟར། སུད་སི་ནང་ཤར་ནུབ་བྱང་གསུམ་དུ་དབྱི་ཊ་ལན་དང་ཕི་རན་སི་འཇར་མན་བཅས་ཀྱི་སྐད་ ཡིག་སྤྱོད་མཁན་སོ་སོར་ཡོད་ཀྱང༌། དེས་རྐྱེན་པས་དེ་དག་སུད་སི་ལས་ལོགས་སུ་ཐོན་ནས་ཕ་རན་སི་དང་འཇར་མན་ནང་དུ་ཟླ་བསྒྲིལ་བའམ་སོ་སོར་རང་བཙན་བྱས་ནས་བསྡད་མེད་ལ། མ་འོངས་པར་ཡང་དེ་ལྟར་ཡོང་རྒྱུའི་རྟགས་མཚན་གང་ཡང་མེད་པར་སུད་སི་རྒྱལ་ཁོངས་སུ་འཆམ་མཐུན་བརྟན་ལྷིང་ངང་གནས་ཡོད་པ་རེད།

དེ་མིན་ཁྲོན་པ་ཆུང་ཆུང་ནང་ཉ་སྲམ་མང་པོ་མི་ཤོང་བ་ལྟར་བློ་རྒྱ་ཆུང་ཆུང་བསམ་བློ་གུ་དོག་པོ་གནང་བ་ཡིན་ན་དེ་ལས་ལྡོག་པའི་ཉེན་ཁ་འཕྲད་སྲིད་པ་རེད། དེས་ན་རྟག་པར་སྐྱོན་ཚང་མ་ཕྱི་ལོགས་ལ་བཙལ་ནས་མ་སྡོད་པར་རྐྱེན་ལྟེ་བ་དེ་ནང་ན་ཡོད་པ་མཁྱེན་པར་མཛོད་ཅིག།