ཨ་རིའི་བདམས་ཐོན་སྲིད་འཛིན་བྷ་ཌན་ལ་སྔོན་འགོག་སྨན་ཁབ་བརྒྱབས་འདུག 

བདམས་ཐོན་སྲིད་འཛིན་བྷ་ཌན་ལ་ཐད་གཏོང་བརྙན་འཕྲིན་ཐོག་ཏུ་ཝུའ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་སྔོན་འགོག་སྨན་ཁབ་བརྒྱབས་ཏེ། ཨ་རིའི་མི་མང་ཚོ་ལ་ཁོང་གིས་“སེམས་ཁྲལ་བྱེད་དགོས་པ་གང་ཡང་མེད་”ཅེས་གསུངས་འདུག 

ཕྱི་ཟླ་༡༢ ཚེས་༢༢ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་དུ། ཨ་རིའི་བདམས་ཐོན་སྲིད་འཛིན་བྷ་ཌན་ལ་རེས་གཟའ་ཟླ་བ་ཉིན་ཧྥ་སར་བཟོ་ཚོང་ཁང་(Pfizer) ནས་བཟོ་སྐྲུན་བྱས་པའི་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དེ་བརྒྱབས་པ་དང་། གནས་ཚུལ་དེ་བརྙན་འཕྲིན་བརྒྱུད་ལམ་ཁག་ཏུ་ཐད་གཏོང་བྱས་ཏེ་ཨ་རིའི་མི་མང་ཚོར་ཁོང་གིས་སྔོན་འགོག་སྨན་ཁབ་དེར་ཉེན་ཁ་མེད་པའི་བརྡ་ལན་སྤྲོད་ཐབས་གནང་འདུག 

དངོས་སུ་ཨ་རིའི་སྲིད་འཛིན་དུ་འགྱུར་ལ་ཉེ་བའི་སྐུ་ཞབས་བྷ་ཌན་གྱིས་ཨ་རིའི་མི་མང་ཚོ་ལ་ནད་ཡམས་ཀྱི་སྔོན་འགོག་སྨན་ཁབ་རྒྱག་སྐབས་“སེམས་ཁྲལ་བྱེད་དགོས་པ་གང་ཡང་མེད་”པ་དང་། གནས་སྐབས་རིང་མུ་མཐུད་ཁ་རས་གྱོན་དགོས་པ། “ཆེད་ལས་མི་སྣ་ཚོར་ཉན་དགོས་པ་”སོགས་གསུངས་པ་མ་ཟད། ཋོའུ་ཋར་དྲ་བའི་ཐོག་ཏུ་“དེ་རིང་ང་ལ་སྔོན་འགོག་སྨན་བརྒྱབ་པ་རེད། སྐུ་ལས་ཚད་མེད་བསྐྱོན་ནས་འདི་ཡོང་སྲིད་པ་བཟོ་མཁན་གྱི་ཚན་རིག་པ་དང་ཉམས་ཞིབ་པ་ཚོ་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ང་ཚོས་ཁྱེད་རྣམ་པར་ཧ་ཅང་མང་པོ་ཞིག་ཆད་ཡོད། དེ་བཞིན་ཨ་རིའི་མི་མང་རྣམས་ཀྱིས་སེམས་ཁྲལ་བྱེད་དགོས་པ་གང་ཡང་མེད་པ་ཤེས་དགོས། སྔོན་འགོག་སྨན་ཁབ་བགོ་འགྲེམ་བྱེད་དུས། ཁྱེད་ཚོས་རྒྱག་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན་”ཞེས་བྲིས་འདུག 

འཛམ་གླིང་གི་རྒྱལ་ཁབ་མང་པོའི་བཟོ་ཚོང་ཁང་རྣམས་ཀྱིས་སྔོན་འགོག་སྨན་ཁབ་འདྲ་མིན་སྣ་ཚོགས་བཟོ་སྐྲུན་དང་ཚོད་ལྟ་བྱེད་བཞིན་པའི་སྐབས་འདིར། མི་མང་ཚོས་སྔོན་འགོག་སྨན་ཁབ་དེ་དག་གི་བདེ་འཇགས་དང་། ཟུར་གནོད་(Side effects) ལ་སེམས་ཁྲལ་དང་དོགས་ཟོན་བྱེད་ཀྱི་ཡོད་སྟབས། ཨ་རིའི་ཆབ་སྲིད་མི་སྣ་གྲགས་ཅན་རྣམས་ཀྱིས་སྔོན་དུ་འགོག་སྨན་ཁབ་བརྒྱབས་ནས་མི་མང་རྣམས་ལ་སེམས་ཁྲལ་བྱེད་མི་དགོས་པ་སྟོན་ཐབས་བྱེད་ཀྱི་ཡོད་དེ། བདུན་ཕྲག་གོང་མར་ཨ་རིའི་སྲིད་འཛིན་གཞོན་པ་མཱ་ཁི-ཕན་སི་(Mike Pence) དང་། ཁོང་གི་སྐུ་ཟླ་གཉིས་ལ་ཡང་སྔོན་འགོག་སྨན་ཁབ་བརྒྱབས་ཡོད། 

གཞན་ཡང་། ཟླ་བ་འདིའི་འགོ་སྟོད་དུ་ཨ་རིའི་སྲིད་འཛིན་ཟུར་པ་ཨོ་བྷ་མ་དང་། བྷོ་ཤི ཁི་ལིན་ཊོན། བཅས་ཀྱིས་གལ་སྲིད་ནད་ཡམས་ཆེད་ལས་སྨན་པ་ཧྥ་ཆི་(Anthony Fauci) ཡིས་ཉེན་ཁ་མེད་པའི་ཐག་གཅོད་བྱས་ན། ཁོང་ཚོས་སྔོན་འགོག་སྨན་ཁབ་བརྒྱབས་ནས་མི་མང་ལ་ཡིད་ཆེས་ཡོང་ཐབས་བྱེད་རྒྱུ་ཡིན་ཚུལ་གསུངས་ཡོད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།