ཝུའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་ནད་པ་ས་ཡ་༡༠༠ ལས་བརྒལ་བ།

 ཝུའུ་ཧན་ཏོག་དབྱིབས་ནད་ཡམས་སམ་ཡོངས་གྲགས་སུ་Covid-19 ཐོག་མར་ཁྱབ་འགོ་ཚུགས་པ་ནས་ལོ་གཅིག་ཙམ་འཁོར་བའི་སྐབས་འདིར། འཛམ་གླིང་ཁྱོན་གྱི་ནད་པའི་ཁ་གྲངས་ས་ཡ་༡༠༠ ལས་བརྒལ་ཞིང་། ནད་པ་ས་ཡ་༢.༡ ལྷག་ཤི་བ་མ་ཟད། ནད་འབུའི་རིགས་རྒྱུད་གསར་པ་འགའ་ཡང་ཁྱབ་གདལ་དུ་འགྲོ་བཞིན་ཡོད། 

ཕྱི་ཟླ་༡ ཚེས་༢༧ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་རེས་གཟའ་ལྷག་པའི་ཉིན་འཛམ་གླིང་སྤྱིའི་ནད་པའི་གྲངས་ཚད་དེ་ས་ཡ་༡༠༠ ལས་བརྒལ་བ་མ་ཟད། རྒྱལ་ཁབ་མང་པོ་ཞིག་གི་ནང་དུ་ནད་འབུའི་རིགས་རྒྱུད་གསར་པ་འགའ་ཁྱབ་གདལ་དུ་ཕྱིན་ནས་དཀའ་ངལ་འཕྲད་ཀྱིན་ཡོད་འདུག 

འཇིགས་སུ་རུང་བའི་ནད་ཡམས་འདི་༢༠༡༩ ལོའི་ལོ་སྨད་དུ་རྒྱ་ནག་དབུས་ཀྱི་གྲོང་ཁྱེར་ཝུའུ་ཧན་(Wuhan) ནས་ཐོག་མར་བྱུང་བའི་སྐབས། རྒྱ་ནག་གིས་སྔོན་འགོག་དང་འགོག་སྲུང་གི་ཚབ་ཏུ་སྦས་སྐུང་དང་འགེབས་སྲུང་བྱས་ཏེ། མི་མང་ལ་སྔར་མེད་པའི་ནད་འབུ་གསར་པ་ཞིག་ཁྱབ་གདལ་དུ་འགྲོ་བཞིན་ཡོད་པའི་ཉེན་བརྡ་གཏོང་མཁན་གྱི་སྨན་པ་དང་གསར་འགོད་པ་རྣམས་དཀྲོག་གཏམ་སྤེལ་བའི་ཉེས་མིང་འོག་འཛིན་བཟུང་དང་བཙོན་འཇུག་བྱས་པར་བརྟེན། ནད་ཡམས་བཀག་འགོག་གི་གོ་སྐབས་རྩ་ཆེན་དེ་ཤོར་ནས་རིམ་གྱིས་གོ་ལ་ཧྲིལ་པོར་ཁྱབ་ཡོད། 

ལོ་གཅིག་ལྷག་གི་ནད་ཡམས་ཀྱི་དུས་ཡུན་ནང་། འཛམ་གླིང་ཁྱོན་གྱི་དཔལ་འབྱོར་ལ་གུན་གསབ་བྲལ་བའི་བརྡབ་གསིག་ཕོག་པ་དང་། མི་སྒེར་རེ་རེའི་འཚོ་གནས་ལ་བསམ་བརྗོད་ལས་འདས་པའི་བར་ཆད་ཕྲད་པའི་ཐོག ད་བར་མི་མང་ས་ཡ་༢.༡ ལྷག་གི་ཚེ་སྲོག་ཤོར་ཡོད། ཡིན་ན་ཡང་། རྒྱ་ནག་གིས་ནད་ཡམས་བྱུང་ནས་ལོ་གཅིག་གི་རྗེས་ཏེ། ༢༠༢༡ ལོའི་ཕྱི་ཟླ་༡ ཚེས་༡༤ ཉིན་གཞི་ནས་རྒྱལ་སྤྱིའི་ཚན་རིག་པ་རྣམས་ནད་འབུ་ཐོག་མར་བྱུང་སའི་ཝུའུ་ཧན་གྲོང་ཁྱེར་ལ་ཡོང་དུ་བཅུག་པར་བརྟེན། རྒྱལ་སྤྱིའི་ཚན་ཚན་རིག་པ་ཚོས་ད་དུང་ཡང་ནད་ཡམས་དེའི་འབྱུང་ཁུངས་དངོས་གང་ཡིན་ཁ་ཚོན་ཆོད་ཅིང་དཔང་རྟགས་ལྡན་པའི་ཐོག་ནས་བརྗོད་ཐུབ་ཀྱི་མེད། 

ད་ལྟའི་ཆར་ཨ་རིས་མཚོན་པའི་སྟོབས་ཆེན་རྒྱལ་ཁབ་དག་གི་ནང་དུ་སྔོན་འགོག་གི་སྨན་ཁབ་རྒྱག་འགོ་བརྩམས་ཟིན་ན་ཡང་། འཛམ་གླིང་སྤྱིའི་ནད་པའི་གྲངས་འབོར་དང་། ནད་ཡམས་ཀྱི་ཁྱབ་ཚད། ནད་འབུའི་རིགས་རྒྱུད་སོགས་མུ་མཐུད་འཕར་བཞིན་ཡོད་སྟབས། ཡོད་ཚད་རྒྱུན་ལྡན་དུ་གྱུར་བར་ད་དུང་ཡང་ལོ་ཤས་འགོར་ངེས་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།