༢༠༢༠ ལོའི་ཐའེ་ཝན་གྱི་དཔལ་འབྱོར་འཕེལ་ཚད་དེ་རྒྱ་ནག་ལས་ལྷག་པ་བྱུང་འདུག
ཐའེ་ཝན་གྱི་ལོ་སྔོན་མའི་དཔལ་འབྱོར་འཕེལ་ཚད་དེ་རྒྱ་ནག་ལས་ལྷག་པ་བྱུང་འདུག་པ་དང་། དེ་ནི་འདས་པའི་ལོ་ངོ་༣༠ ཡི་ནང་དུ་ཆེས་ཐོག་མར་བྱུང་བ་ཞིག་ཡིན་འདུག
ཕྱི་ཟླ་༢ ཚེས་༡ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༢༠ ལོའི་ཐའེ་ཝན་གྱི་དཔལ་འབྱོར་དེ་བརྒྱ་ཆ་༢.༩༨ དང་། རྒྱ་ནག་གི་འཕེལ་ཚད་དེ་བརྒྱ་ཆ་༢.༣ ཡིན་འདུག་པས། ཐའེ་ཝན་གྱི་དཔལ་འབྱོར་འཕེལ་རྒྱས་དེ་རྒྱ་ནག་ལས་མྱུར་བ་བྱུང་ཡོད་འདུག
༡༩༩༠ ལོར་ཐའེ་ཝན་གྱི་དཔལ་འབྱོར་འཕེལ་ཚད་དེ་བརྒྱ་ཆ་༥.༥ དང་། རྒྱ་ནག་གི་འཕེལ་ཚད་དེ་བརྒྱ་ཆ་༣.༩ བྱུང་ནས་རྒྱ་ནག་ལས་ལྷག་པ་བྱུང་བའི་རྗེས། ༢༠༢༠ བར་དུ་ལོ་༣༠ ཙམ་གྱི་རིང་ལ་ཐའེ་ཝན་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མྱུར་ཚད་དེ་རྒྱ་ནག་གི་གི་གོང་དུ་འགྲོ་མྱོང་ཡོད་མི་འདུག
༢༠༢༠ ལོར་ཝའུ་ཧན་ཏོག་དབྱིབས་ནད་ཡམས་ཀྱི་དཀའ་ཉེན་ལ་བརྟེན་ནས་རྒྱལ་ཁབ་མང་ཤོས་ཀྱི་དཔལ་འབྱོར་འཁོར་རྒྱུག་གི་མཚམས་ཆད་ཡོད་ན་ཡང་། མི་འབོར་ས་ཡ་༢༣ ལས་མེད་པའི་ཐའེ་ཝན་རྒྱལ་ཁབ་ཀྱིས་ནད་ཡམས་དེ་རྒྱལ་ཁའི་ངང་ནས་བཀག་འགོག་བྱས་ཏེ། དམིགས་བསལ་རེ་ཟུང་མ་གཏོགས་སྤྱི་ཡོངས་ནས་ཚོང་ལས་དང་། ལས་ཁུངས། སློབ་གྲྭ་སོགས་སྔར་རྒྱུན་ལྟར་གཉེར་ཐུབ་པ་བྱུང་སྟབས། ཐའེ་ཝན་གྱི་དཔལ་འབྱོར་འཕེལ་ཚད་དེ་གཞན་དང་མ་འདྲ་བ་བྱུང་ཡོད་འདུག
ཐའེ་ཝན་གྱི་དཔལ་འབྱོར་དེ་ལྟར་འཕེལ་རྒྱས་འགྲོ་བའི་རྒྱུ་མཚན་གཞན་ཞིག་ནི། ཐའེ་ཝན་ནང་དུ་འཕྲུལ་ཆས་ཀྱི་མ་ལག་གཙོ་བོ་སྟེ། semiconductors བཟོ་སྐྲུན་བྱེད་མཁན་གྱི་བཟོ་གྲྭ་སྐད་གྲགས་ཅན་མང་པོ་ཞིག་ཡོད་པ་ལས། འཛམ་གླིང་ཡོངས་ནས་འཕྲུལ་ཆས་མ་ལག་དེ་མངགས་ཉོ་བྱེད་མཁན་ལྡབ་ཀྱིས་མང་བ་བྱུང་བས་ཡིན་འདུག
དེ་ལྟར་ཡིན་ན་ཡང། རྒྱལ་སྤྱིའི་དཔལ་འབྱོར་རིག་པ་སྨྲ་བ་ཚོས་ཐའེ་ཝན་གྱི་རྒྱ་ནག་ལས་ལྷག་པའི་དཔལ་འབྱོར་འཕེལ་ཚད་དེ་གནས་སྐབས་ཙམ་ལས་ཡུན་རིང་དུ་གནས་མི་ཐུབ་པ་དང་། ༢༠༢༡ ལོར་རྒྱ་ནག་གི་དཔལ་འབྱོར་འཕེལ་ཚད་དེ་༨.༤ ཙམ་ཟིན་ནས་༢༠༡༡ ལོའི་རྗེས་ཀྱི་ཚད་གཞི་མཐོ་ཤོས་དེ་ཆགས་ངེས་པའི་སྔོན་དཔག་བྱས་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།