བོད་ཆེན་པོའི་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་ཡིག་རྙིང་དེབ་ཐེར་ཆེན་མོ།
ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་མཐོ་སློབ་ཀྱི་སློབ་སྤྱི་སྨན་ཤར་བློ་གྲོས་ཀྱིས་བརྩམས་པའི་<<བོད་ཆེན་པོའི་བཙན་པོའི་རྒྱལ་རབས་ཀྱི་ལོ་རྒྱུས་ཡིག་རྙིང་དེབ་ཐེར་ཆེན་མོ་>>འདི་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གིས་ལོ་རྒྱུས་དེབ་ཕྲེང་༥༥ པའི་ངོ་བོར་པར་སྐྲུན་བྱས་ཏེ་འགྲེམས་སྤེལ་བྱས་ཡོད་པ་རེད།
“དེབ་ཐེར་འདི་ནི་བོད་ཆེན་པོའི་རྒྱལ་རབས་ཡིག་ཚང་རྒྱས་ཤོས་ཤིག་དང༌། བོད་ཀྱི་ཁོར་ཡུག་དང་འགྲོ་བ་མིའི་ཆགས་རིམ། མངའ་མཛད་དང་རྒྱལ་ཕྲན་ནས་རྒྱལ་ཁབ་ཆེན་པོའི་བར་གྱི་ལོ་རྒྱུས་ཆ་ཚང་བ་ཞིག་རེད། བྱུང་རབས་ཀྱི་གཞི་རྩ་དང་འབྱུང་ཁུངས་གཙོ་བོ་ཁག་དུས་རབས་བདུན་པ་ནས་བཅུ་པ་བར་གྱི་ལོ་རྒྱུས་ཀྱི་ཡིག་ཆ་གང་རྙེད་འཚོལ་བསྡུ་དང་། དུས་རབས་བཅུ་གཅིག་པ་ནས་བཅུ་བདུན་པ་བར་གྱི་ཡིག་ཆ་གལ་ཆེན་ཁག་གཅིག་ཀྱང་མ་ཆད་པར་ཁ་སྐོང་། དུས་རབས་བཅོ་བརྒྱད་ནས་དུས་འགྱུར་མ་བྱུང་སྔོན་གྱི་དེབ་ཐེར་གྲགས་ཅན་ཁག་ཀྱང་ཟུར་སྣོན་བྱས་ཏེ། རྒྱལ་རབས་ཀྱི་དབུ་ཞབས་ཆ་ཚང་བར་ལོ་ཚིགས་ཀྱི་སྔ་ཕྱི་དང་བྱུང་རབས་ཀྱི་གོ་རིམ་ཐད་དམིགས་བསལ་ཞིབ་འདོན། དུས་ཀྱི་སྔ་ཕྱི་ལྟར་མཐར་ཆགས་སུ་བཀོད་པའི་ཡིག་ཆ་དེ་དག་གི་ཁྲོད་དུ་ལོ་རྒྱུས་དོན་རྐྱེན་ཆེ་ཁག་གི་རྒྱབ་ལྗོངས་དང་འབྱུང་རྐྱེན། བྱུང་རིམ་དང་མཇུག་འབྲས་སོགས་ཞིབ་གསལ་ཆེ་བ་དང་། འགྲེལ་བརྗོད་རྒྱ་ཆེ་བ་དང་ལྟ་ཚུལ་སྣ་མང་གི་རྙོག་འཛིང་རྣམས་གསལ་ཁ་ཆེ་རུ་བཏང་ཐུབ་པ་བྱུང་འདུག་”ཅེས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་གྱིས་བྲིས་པའི་པར་སྐྲུན་གསལ་ནང་དུ་གསལ་འདུག
རྒྱལ་རབས་ཡིག་རྙིང་དེབ་ཐེར་ཆེན་མོ་འདིར། བཀའ་གཙིགས་དང་རྡོ་རིང་ཡིག་ཆ་སུམ་ཅུ་ལྷག་དང་། སྤྲིངས་ཡིག དམག་དོན་ཞུ་སྙན། ཆིངས་ཡིག གསང་བའི་ཡིག་ཚགས། ཏུན་ཧོང་ཡིག་རྙིང་ལས་རྒྱལ་རབས་ཤོག་དྲིལ་ཆ་ཚང་། ཏུན་ཧོང་ནས་ཐོན་པའི་གནའ་བོའི་བོད་ཡིག་ཤོག་དྲིལ་དང་། ཤོག་དྲིལ་འཕྲོ་མཐུད། ཅོང་དྲིལ་གྱི་ཁ་བྱང་། ཤིན་ཅང་ནས་ཐོན་པའི་ཁྲམ་ཤིང་། ཐང་དེབ་གསར་རྙིང་འགྱུར་མ་འདྲ་བ་བཞི། སྲིད་སྐྱོང་མེ་ལོང་། ཐང་གི་ལམ་སྲོལ་གནད་བསྡུས། ཐུང་ཏུན། ཡིག་ཚང་མ་ཧཱ་རུས་སྦལ་སོགས་རྒྱ་ནག་གི་ཡིག་ཚང་རྙིང་པ་ཆེ་ཁག བཀའ་ཐང་སྡེ་ལྔ། སྦ་བཞེད་ཁག་བཞི། ཆོས་འབྱུང་རྙིང་ཤོས་ཁག་ལྔ། དེབ་ཐེར་གྲགས་ཅན་ཁག་བརྒྱད། རྒྱལ་རབས་བཞི། བཀའ་ཆེམས་དང་བོན་གྱི་ཡིག་ཆ་གྲགས་ཅན་བཞི་སོགས་དེབ་ཐེར་གསར་རྙིང་སུམ་བརྒྱ་ལས་བརྒལ་བ་གཞི་རྩ་རུ་བཟུང་སྟེ། རྒྱལ་ཐོག་རེ་རེའི་སྐབས་སུ་དཔྱད་ཞིབ་ཀྱི་མཚམས་སྦྱོར་གནད་བསྡུས་ཁ་གསལ་དང་། ལོ་རྒྱུས་ཀྱི་སྡོམ་དང་རེའུ་མིག་རྒྱས་འགོད། ལོ་ཚིགས་ལྟར་རྒྱལ་རབས་རྩ་བ་ཞིབ་ནན་བཀོད་དེ། རྒྱབ་རྟེན་གྱི་ཡིག་ཚང་གཞན་ལུགས་གང་རྒྱས་ཐོག་ཆེས་གལ་ཆེའི་ཡིག་རྙིང་ཕྱག་དེབ་བདུན་ཅུ་ལྷག་ཙམ་ཞིག་ལུང་དང་མཆན། དཔྱད་གཞི་རུ་རྒྱལ་རབས་དངོས་གཞིའི་གྲས་སུ་ཆ་ཚང་བ་འདྲེན་འགོད་བྱས་ཡོད་པ་རེད།།