ལོ་ངོ་ ༤༢ ནང་ཨ་རིའི་གཞུང་ཚབ་པ་ཞིག་ཐེངས་དང་པོར་ཐའེ་ཝན་ལ་གཟིགས་སྐོར་དུ་ཕེབས་འདུག
ཨ་རིས་ཐའེ་ཝན་དང་འབྲེལ་ཐག་བཅད་དེ་རྒྱ་ནག་དམར་ཤོག་རྒྱལ་ཁབ་དང་ལྷན་དུ་གཞུང་འབྲེལ་བཙུགས་ནས་ལོ་ངོ་ ༤༢ ཕྱིན་པའི་རྗེས། ཨ་རིའི་གཞུང་ཚབ་པ་ཞིག་ཐེངས་དང་པོར་ཐའེ་ཝན་ལ་གཟིགས་སྐོར་དུ་ཕེབས་འདུག
ཁ་སང་རེས་གཟའ་ཉི་མའི་ཉིན་ཐའེ་ཝན་རྒྱལ་ཁབ་ཏུ་ངོས་འཛིན་བྱེད་མཁན་གྱི་ཨེ་ཤི་ཡའི་མཚོ་གླིང་རྒྱལ་ཁབ་ཕེ་ལོའུ་(Palau)ཡི་སྲིད་འཛིན་ས་རན་གྷལ-ཝི་ཕི་(Surangel Whipps)ཐའེ་ཝན་ལ་གཞུང་འབྲེལ་གཟིགས་སྐོར་དུ་ཕེབས་པའི་སྐབས། ཨ་རིའི་གཞུང་ཚབ་པ་ཇོན-ཧེ་ནི་སི་(John Hennessey-Niland)ཡང་ཁོང་དང་ལྷན་དུ་ཕེབས་འདུག་ཅིང་། དེ་ནི་ཨ་རིས་ཕྱི་ལོ་ ༡༩༧༩ ལོར་རྒྱ་ནག་ལ་བསྟུན་པའི་ཆེད་དུ་ཐའེ་ཝན་དང་གཞུང་གི་འབྲེལ་ལམ་བཅད་པ་ནས་བཟུང་ཨ་རིའི་ལས་ཐོག་གཞུང་ཚབ་པ་ཞིག་ཐའེ་ཝན་དུ་ཕེབས་པ་ཆེས་ཐོག་མ་དེ་ཆགས་ཡོད་འདུག
སྲིད་འཛིན་ཇི་མི-ཁ་ཋར་(Jimmy Carter)གྱིས་འགོ་ཁྲིད་པའི་ཨ་རིའི་གཞུང་གིས་ ༡༩༧༩ ལོར་ཐའེ་ཝན་དང་གཞུང་གི་འབྲེལ་ལམ་བཅད་པ་ནས་བཟུང་། འདས་པའི་ངོ་ལོ་ ༤༠ ཙམ་གྱི་རིང་ལ་ཨ་རིའི་སྲིད་འཛིན་རིམ་བྱོན་གྱིས་“རྒྱ་ནག་གཅིག་གི་སྲིད་བྱུས་”ངོས་ལེན་དང་། རྒྱ་ནག་འཛམ་གླིང་ཚོང་ལས་ལྷན་ཚོགས་(WTO)སུ་བསུ་བ། རྒྱ་ནག་དང་ལྷན་དུ་ཚོང་འབྲེལ་ཕོན་ཆེན་འཇོག་པ་སོགས་བྱས་ཏེ་རྒྱ་ནག་ལ་བསྟུན་ཐབས་འབའ་ཞིག་བྱས་ཡོད།
ཡིན་ན་ཡང་། ཨ་རིའི་སྲིད་གཞུང་གོང་མ་སྟེ་ཊོམ་སྲིད་གཞུང་གིས་ཨ་རིས་འདས་པའི་ལོ་ངོ་ ༤༠ ཙམ་གྱི་རིང་རྒྱ་ནག་ལ་བཟུང་བའི་སྲིད་བྱུས་ལ་བསྐྱར་ཞིབ་དང་སྒྱུར་བཅོས་ཏེ། རྒྱ་ནག་ལ་བསྟུན་ཐབས་བྱས་ནས་རྒྱ་ནག་མང་གཙོ་ཅན་དུ་སྒྱུར་རྒྱུའི་སྲིད་བྱུས་དེ་ཡོངས་སུ་ནོར་ཡོད་པའི་ཁས་ལེན་བྱས་པ་དང་། སྐབས་དེའི་ཕྱི་སྲིད་དྲུང་ཆེ་མཱ་ཁི-ཕོམ་ཕོའོ་(Mike Pompeo)ཡིས་“གལ་སྲིད་རང་དབང་ལྡན་པའི་འཛམ་གླིང་གིས་རྒྱ་ནག་དམར་པོ་འགྱུར་བ་མ་བཏང་བ་ཡིན་ན། རྒྱ་ནག་དམར་པོས་ང་ཚོ་ཚུར་འགྱུར་བ་གཏོང་ངེས་རེད་”ཅེས་གསུངས་པ་མ་ཟད། ཁོང་གི་ལས་ཡུན་རྫོགས་ཁར་ཨ་རི་དང་ཐའེ་ཝན་གྱི་གཞུང་འབྲེལ་མི་སྣའི་བར་གྱི་འབྲེལ་ལམ་འཛིན་ཕྱོགས་སྐོར་གྱི་བཀག་རྒྱ་རྣམས་མེད་པ་བཟོས་ཡོད།
འདི་ལོའི་ཕྱི་ཟླ་དང་པོའི་ནང་དུ་ཊོམ་སྲིད་གཞུང་གི་ལས་ཡུན་རྫོགས་ནས་ད་ལྟའི་བྷ་ཌན་སྲིད་གཞུང་གིས་ཨ་རིའི་ཆབ་སྲིད་སྐྱོང་བའི་འགོ་འཛུགས་པའི་སྐབས། རྒྱ་ནག་གཞུང་དང་རྒྱ་ནག་གི་ཤེས་ཡོན་པ་ཚོས་ཨ་རྒྱའི་འབྲེལ་ལམ་སྔར་སྲོལ་ལྟར་ཡོང་བའི་རེ་བ་བརྒྱབ་པ་མ་ཟད། རྒྱལ་སྤྱིའི་ཆབ་སྲིད་ཉམས་ཞིབ་པ་ཚོས་སྲིད་འཛིན་བྷ་ཌན་གྱིས་ཊོམ་སྲིད་གཞུང་གི་སྲིད་བྱུས་ཐམས་ཅད་འགྱུར་བ་གཏོང་ངེས་པའི་ཚོད་དཔག་བྱས་ཡོད་ན་ཡང་། བྷ་ཌན་གྱིས་རྒྱ་ནག་དང་འབྲེལ་བའི་སྲིད་བྱུས་དེ་འགྱུར་བ་བཏང་མེད་པའི་ཐོག ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཚོ་དང་མཉམ་འབྲེལ་གྱིས་རྒྱ་ནག་ལ་ཁ་གཏད་གཅོག་པའི་འབད་བརྩོན་བྱེད་ཀྱིན་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།