བོད་མི་མང་སྤྱི་འཐུས་གཉིས་ཀྱིས་ལས་ཁུར་དམ་འབུལ་ཞུས།
ཟླ་༤ པའི་ཚེས་༡༤ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ། སྨན་རམས་པ་རྣམ་རྒྱལ་ཁྱུ་གསར་དང་དགེ་བཤེས་རྔ་བ་གངས་རི་རྣམ་གཉིས་ནས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅརྱ་ཡེ་ཤེས་ཕུན་ཚོགས་ཀྱི་མདུན་ནས། སྐབས་༡༦ པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཞུས་སོང་བ་དང་། དམ་འབུལ་སྐབས་ཚོགས་གཞོན་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པ་བདུན་དང་། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་རྣམས་མཉམ་ཞུགས་གནང་སོང་།
དེ་ཡང་ཟླ་༤ ཚེས་༨ ཉིན་བོད་མི་མང་དབུས་གཙང་སྤྱི་འཐུས་དང་ཚོགས་གཙོ་པདྨ་འབྱུང་གནས་དང་། བོད་མི་མང་མདོ་སྨད་སྤྱི་འཐུས་བློ་བཟང་ཆོས་འབྱོར་གཉིས་ནས་སྐབས་༡༦ པའི་སྤྱི་འཐུས་ནས་རྩ་དགོངས་ཞུས་མཚམས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༥༧ པ། སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར་ཞེས་པའི་ནང་གསེས་༢ པའི་དགོངས་དོན་ལྟར། དབུས་འོས་བསྡུ་ལས་ཁང་ནས་ཕྱི་ལོ་༢༠༡༦ ལོའི་བོད་མི་མང་སྤྱི་འཐུས་སྐབས་༡༦ པའི་དབུས་གཙང་སྤྱི་འཐུས་དངོས་གཞིའི་འོས་བསྡུའི་སྐབས་ཀྱི་སྒུག་ཐོའི་བང་རིམ་དང་པོ་རྣམ་རྒྱལ་ཁྱུ་གསར་དང་། མདོ་སྨད་སྤྱི་འཐུས་དངོས་གཞིའི་འོས་བསྡུའི་སྐབས་ཀྱི་སྒུག་ཐོའི་བང་རིམ་དང་པོ་དགེ་བཤེས་རྔ་བ་གངས་རི་གཉིས་ནས་ཚོགས་དྲུང་ལས་ཁུངས་སུ་ལས་འཁུར་དམ་འབུལ་ཞུ་སྒོ་འབྲེལ་གཏུགས་དགོས་པའི་བརྡ་ཐོ་བཏང་བ་བཞིན། ཕྱི་ཟླ་༤ ཚེས་༡༤ ཉིན་གྲོས་ཚོགས་ཚོགས་ཁང་ནང་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་ཀྱི་མདུན་ནས་ཁོང་རྣམ་གཉིས་ཀྱིས་ལས་འཁུར་དམ་འབུལ་ཞུས་སོང་།
སྐབས་དེར་ཚོགས་གཞོན་གྱིས། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པའི་ཚབ་ཞུས་ཏེ་གསར་དུ་དམ་འབུལ་ཞུས་པའི་སྤྱི་འཐུས་རྣམ་པར་འཚམས་འདྲི་ཞུས་གནང་བ་དང་སྦྲགས། གསུང་དོན། རྩ་བའི་སྐབས་བཅུ་དྲུག་པའི་སྤྱི་འཐུས་ཀྱི་ལས་ཡུན་ཁྱུར་ལ་ཉེ་བ་ཡིན་པ་དང་། དུས་ཚོད་ཐུང་ཐུང་མ་གཏོགས་ལྷག་མེད་ཀྱང་རྣམ་པ་ཚོ་དང་ལྷན་སྐབས་བཅུ་དྲུག་པའི་སྤྱི་འཐུས་ལྷན་ཚོགས་ནང་ཕྱག་ལས་གནང་རྒྱུའི་གོ་སྐབས་བཟང་པོ་ཐོབ་པར་དགའ་སྤོབས་ཆེན་པོ་བྱུང་ཞེས་དང་། ངས་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྐབས་བཅུ་དྲུག་པའི་སྤྱི་འཐུས་ཀྱི་ལས་ཡུན་མཇུག་བསྒྲིལ་ཏེ་སྐབས་བཅུ་བདུན་པར་རྩིས་སྤྲོད་ཡག་པོ་ཡོང་བའི་ཡིད་ཆེས་དང་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་དང་། ༧རྒྱལ་བ་རིན་པོ་ཆེ་ཐུགས་ཕམ་མི་ཡོང་བ་བཟོ་རྒྱུ་ནི་༧རྒྱལ་བ་དགྱེས་པའི་མཆོད་སྤྲིན་རེད་ཅེས་གསུངས་སོང་།།
གསར་འགོད་པ་སྐལ་བཟང་དོན་གྲུབ།