གཞོན་ལྷན་དབུས་རྒྱུན་ཟུར་པའི་མིང་ཅན་ཁག་ཅིག་ལ་གྲོས་སུ་གདམས་པ།
-བནྡེ་སྐྱབས།
གཞོན་ལྷན་དབུས་རྒྱུན་ཟུར་པའི་མིང་ཐོག་ནས་འབོད་སྐུལ་ཞུ་ཡིག་ཅིག་སྤྱི་འཐུས་ཚོགས་གཞོན་དང་སྤྱི་འཐུས་ལྷན་ཚོགས་ཀྱི་མཚན་ཐོག་ལ་ཕུལ་ཡོད་པའི་གནས་ཚུལ་འདི་ནི། གཅིག་ནས་རི་བོང་ཅལ་འདྲོགས་དང་། གཉིས་ནས་གཅིག་རྒྱབ་གཅིག་ལང་གི་དཔུང་སྦྲེལ་སྒྲིག་གི་ཡོད་པ་ལྟ་བུ་ཞིག་ལས་མང་གཙོའི་སྒྲིག་འཛུགས་འདི་ལ་སྲུང་སྐྱོབ་ཀྱི་རྣམ་པ་ཞིག་ཏུ་གྱུར་མེད།

ངས་རི་བོང་ཅལ་འདྲོགས་དང་བླུན་པོ་ལུག་སྣ་ཆུ་ཁྲིད་ཀྱི་གཏམ་རྒྱུད་གླེང་དགོས་པ་ནི། མཚམས་རེར་བཙན་བྱོལ་སྤྱི་ཚོགས་ཁྲོད་ཚོགས་སྡེ་རེ་ཟུང་གིས་ལས་ཤོག་བེད་སྤྱོད་གཏོང་འགོ་ཚུགས་དུས་རིམ་བཞིན་ལས་ཤོག་ཆར་བ་འབབ་འབབ་བྱེད་སྲོལ་ཅིག་ཡོད་པ་ཇི་བཞིན། ཐེངས་འདིར་ཡང་ཁྲིམས་ཟུར་དང་བཀའ་ཟུར། སྤྱི་ཟུར། ལས་ཟུར། བཙོན་ཟུར། སློབ་ཟུར། རྒྱུན་ཟུར་སོགས་ཟུར་པ་ཚོ་གང་ས་གང་ཞིག་ནས་འཚང་ཀ་འདྲ་ཞིག་ཐེབས་བཞིན་པ་འདི། ཟུར་མིང་ཐོགས་མཁན་རེ་ཟུང་ཞིག་གི་དམག་ཇུས་ཀྱི་དྲ་རྙི་རུ་ཟུར་པ་ཡིན་ཟེར་མཁན་མང་པོ་ཞིག་ཚུད་བཞིན་པའི་སྐྱོ་གར་རེད། ཟུར་པ་འདི་དག་ལས་ཐེངས་འདིར་གླེང་བར་བྱ་བ་ནི་གོང་བཀོད་ཞུ་ཡིག་ཏུ་གསལ་པའི་གཞོན་ལྷན་དབུས་རྒྱུན་ཟུར་པའི་མིང་འཛིན་པ་དག་ཡིན།
བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུ་བརྙེས་པ་ནས་ཉི་མ་དེ་རིང་གི་བར་དུ་མི་ལོ་ལྔ་བཅུ་ལྷག་རིང་། ལོ་གསུམ་རེའི་མཚམས་སུ་གཞོན་ལྷན་དབུས་རྒྱུན་ལ་འཕོ་འགྱུར་འགྲོ་གི་ཡོད་པའི་རིམ་པ་དེ་ནས་བཤད་ན། ཐེངས་འདིར་གཞོན་ལྷན་དབུས་རྒྱུན་ཟུར་པ་༤༧ གྱི་གྲངས་ཚད་དེས་རྒྱུན་ཟུར་ཡོངས་ཀྱི་བརྒྱ་ཆ་ག་ཚོད་ཟིན་ཡོད་དམ། མ་ཟད་འཁྲབ་སྟོན་གྱི་རིམ་པ་འདི་ནས་ཁོང་ཚོས་དབུས་རྒྱུན་ཟུར་པའི་མིང་བེད་སྤྱོད་བཏང་པ་འོས་ཤིང་འཚམས་པ་ཞིག་ཡིན་ནམ། ཁོང་ཚོའི་ཞུ་ཡིག་གི་གནད་དོན་འདི་རྒྱུན་ཟུར་ཡོངས་དང་། ཡང་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་ས་ཚང་མའི་མངོན་འདོད་ཡིན་ནམ།
ད་དུང་ཞུ་ཡིག་དེར་་་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་དུས་གཅིག་ལ་འཕོ་འགྱུར་བཏང་པའི་གནད་དོན་དེ་བཅའ་ཁྲིམས་དང་གཞི་རིམ་མང་གཙོའི་ལྟ་གྲུབ་དང་འགལ་བ་་་ཞེས་ཚིག་ཐག་དེ་གཅོད་པའི་ཁྲིམས་སྒྲིག་གི་དབང་ཚད་སུས་ཁོང་ཚོར་གནང་ཡོད་དམ། བཅའ་ཁྲིམས་དང་འགལ་ཡོད་མེད་དེ་བཅའ་ཁྲིམས་ཀྱིས་བསྐོས་པའི་ཁྲིམས་སྒྲིག་གི་དབང་ཚད་ལྡན་པའི་སྡེ་ཚན་ཅིག་གིས་བསྒྲག་རྒྱུ་ཞིག་ཡིན་པ་ལས། ཟུར་མིང་འཛིན་པ་ཁག་ཅིག་གི་བཤད་དབང་མིན་པ་ཡིད་ལ་ངེས་དགོས།
དེ་བཞིན་་་ད་ལྟའི་ཆར་བོད་ཀྱི་མང་གཙོའི་ཀ་བ་གཅིག་མེད་པར་གྱུར་་་ ཟེར་བ་འདི་མ་ཤེས་རྨོངས་པའི་དབང་གིས་ཐལ་སོང་པ་ཡིན་ནམ། ཡང་ན་ཤེས་བཞིན་དུ་བསྙོན་ཞིང་དཀྲོགས་པ་རེད། མང་གཙོའི་ཀ་བ་གསུམ་ནི་ཁྲིམས་དོན་སྒྲིག་གཞི་ལས་གྲུབ་པའི་སྒྲོམ་གཞི་ཞིག་ཡིན་པ་ལས། སྒྲོམ་གཞི་གང་དེའི་མཐོ་རིམ་ཞབས་སྟེགས་འཛིན་མཁན་གྱི་གང་ཟག་རེ་ཟུང་ཡོད་མེད་ཀྱི་སྟེང་ནས་བཤད་རྒྱུ་ཞིག་མ་རེད། མང་གཙོའི་ཀ་བ་འདི་གནས་ཡོད་དང་མེད་ཟེར་པ་ནི། སྒྲོམ་གཞི་འདིའི་ཁྲིམས་སྒྲིག་གི་གཞི་རྐང་གནས་ཡོད་མེད་དང་། སྡེ་ཚན་གང་དེ་ཁྲིམས་སྒྲིག་གི་དགོངས་དོན་འོག་ལས་དོན་རིགས་འཁོར་རྒྱུག་བྱེད་ཀྱི་ཡོད་མེད་ལ་བལྟ་དགོས་པས། ད་ལྟ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་སྒྲིག་ནུས་མེད་དུ་གྱུར་མེད་པ་མ་ཟད། ཁྲིམས་དྲུང་དང་ལས་བྱེད་རྣམས་ཀྱིས་སོ་སོའི་ལས་གནས་དང་བསྟུན་པའི་ལས་དོན་གཉེར་བཞིན་པ་དང་། ས་གནས་ཁྲིམས་ཞིབ་ཁང་ཁག་ཀྱང་སྔར་རྒྱུན་བཞིན་འཁོར་རྒྱུག་བྱེད་མུས་ཡིན་པ་འདིས་བཙན་བྱོལ་བོད་མིའི་མང་གཙོའི་ཀ་བ་༼ཁྲིམས་ཞིབ་ཁང་༽འདི་མེད་པར་གྱུར་ཟེར་པ་ནི་མངོན་སུམ་གྱིས་བསྙོན་ཞིང་དཀྲོགས་པ་ལ་ངོས་འཛིན་མི་བྱ་ཐབས་མེད་རེད།
ཡང་ཞུ་ཡིག་དེར། གཞུང་འབྲེལ་གྲོས་གཞི་གྲོས་འཆར་ཡིག་ཆ་ཨང་ ༣༩ པ་ཕྱིར་འཐེན་ཐོག་ཁྲིམས་ཞིབ་པ་གསུམ་རང་གནས་སུ་བསྐྱར་གསོ་གནང་དགོས་པར་སྐུལ་འདུག ཁྲིམས་བཟོ་ལྷན་ཁང་གི་གྲོས་འཆར་བསྣམ་སྟངས་དང་གྲོས་ཆོད་འཇོག་པ་ལ་བརྒྱུད་རིམ་ངེས་ཅན་ཞིག་བརྒྱུད་དེ་ཁྲིམས་སུ་གཏན་འབེབས་ཟིན་རྗེས། དགའ་རོགས་ལ་བརྩེ་འཕྲིན་བཏང་བ་ནང་བཞིན་གཏོང་འདོད་དུས་གཏོང་ཆོག་ཆོག་དང་། འདོད་པ་ཁེངས་མིན་གྱི་གནས་ཚུལ་འོག་ཕྱིར་འཐེན་བྱ་ཆོག་ཆོག་ཅིག་མིན་པ་ཤེས་བཞིན་དུ་འདི་ལྟར་སྐུལ་པའི་དགོས་པ་རྒྱུ་མཚན་གང་ལ་ཐུག་པ་རེད། ལྷག་པར་དུ་སྤྱི་ལྷན་རྩ་འབོར་གྱི་གསུམ་ཆའི་གཉིས་ལྷག་གིས་རྒྱབ་སྐྱོར་ཟིན་པའི་གྲོས་ཆོད་ཅིག་ཁྲིམས་སུ་གཏན་འབེབས་བྱུང་པ་ནི། དེ་ལྟར་ནུས་མེད་དང་ཕྱིར་འཐེན་བྱེད་དགོས་ཚེ་གོ་རིམ་གཞན་ཞིག་བརྒྱུད་དགོས་པ་ལས་རྩིས་མེད་ཕྱིར་འཐེན་ཆོག་པའི་ཁྲིམས་སྒྲིག་གི་ལམ་ཁ་ཞིག་མེད། དེ་དག་ཤེས་བཞིན་ངེས་བཞིན་རྩིས་མེད་དང་ཕྱིར་འཐེན་གནང་པའི་དབང་དུ་བཏང་ཚེ། ད་བཟོད་ཁྲིམས་བཟོ་ལྷན་ཁང་གི་རིན་ཐང་རྒུད་ཅིང་ཁྲིམས་སྒྲིག་གི་ནུས་པ་ཉམས་པ་རེད་ལ། དུས་དེ་ནས་ཁྲིམས་དང་སྒྲིག་གཞི་ནི་ཆ་འཇོག་དང་བློ་གཏད་མེད་པར་འགྱུར་པའི་ངོ་བོ་ཞིག་ཏུ་གྲུབ་འགྲོ་རྒྱུ་ལས་ལྷག་མེད། ཁྱེད་ཚོར་དགོས་པ་དེ་རེད་དམ།
གཞན་ངེས་དགོས་པ་ཞིག་ལ། ཁྲིམས་ཞིབ་པ་གསུམ་རང་གནས་སུ་བསྐྱར་གསོ་བྱ་དགོས་ཚུལ་སྐུལ་པ་འདི་དོན་དངོས་དང་འགལ་བ་རེད། གཅིག་ནས་གོང་ཞུས་ལྟར་ཁྲིམས་སུ་གཏན་འབེབས་ཟིན་རྗེས་གོ་རིམ་གཞན་ཞིག་ནས་ཁྲིམས་འཆར་བསྣམ་སྟེ་བསྐྱར་བཅོས་ཀྱི་རིམ་པ་ལས་བྱུང་རྒྱལ་དུ་བཤད་ཆོག་པ་དང་ཕྱིར་འཐེན་ཐུབ་པ་ཞིག་མིན་ཁར། སྤྱི་ལྷན་གྱིས་འཕོ་འགྱུར་གྲོས་ཆོད་བཞག་པའི་ཕྱི་ཉིན། ཁྲིམས་ཞིབ་པ་གསུམ་གྱིས་གསར་འགོད་བསྒྲགས་གཏམ་སྤེལ་ཏེ་བྱ་རིམ་གང་ཡང་མ་བརྒྱུད་པར་ཕེབས་ཕྱིན་པ་དེ་ཡང་རང་གནས་བསྐྱར་གསོ་ཞེས་པའི་ཐད་ནས་ཕྱིར་སློག་རྒྱག་ས་མེད་པ་ཁོང་རང་ཚོས་སོ་སོར་རྐང་པ་འཇོག་ས་མེད་པར་བཟོས་པའི་གནད་དོན་ཞིག་ཆགས་ཡོད་པའང་། ལས་གནས་བསྐྱར་གསོ་དགོས་པར་བཤད་མཁན་ཚོས་མཁྱེན་དགོས།
དོན་དངོས་ཐོག་ཁ་ཚ་དགོས་གཏུག་ཏུ་གྱུར་པ་ནི། འཕྲད་ཟིན་བྱས་འཛོལ་གྱི་མྱོང་བ་གཞི་རུ་བཟུང་སྟེ་ལེགས་སྒྲིག་ཁ་སྐོང་གིས་གོམ་པ་མདུན་སྤོ་བྱ་རྒྱུ་དེ་ཡིན་པ་ལས། ཕྱི་ནུར་དང་ཕྱིར་ལོག དཔུང་སྒྲིག་གིས་གླེང་རྙོག་ཆེ་རུ་གཏོང་རྒྱུ་དང་། ཤིང་སྡོང་གི་ཡལ་ཀར་བྱིའུ་ཚང་བཞག་པས་རྩ་བར་གྲོག་ཚང་རྒྱག་འཇུག་དགོས་པ་དེ་མ་རེད།
མཐར་གཞོན་ལྷན་རྒྱུན་ཟུར་ཁྱེད་རྣམ་པར་ཞེ་བསམ་པའི་གཏིང་ནས་བོད་ལ་དུང་ཞེན་དང་འཐབ་རྩོད་ལ་ཆོད་སེམས། ཚོགས་སྡེ་ལ་འགན་འཁུར་ཡོད་ཟེར་ན། རང་དང་འབྲེལ་ཡོད་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འདས་པའི་གཟི་བརྗིད་སླར་གསོ་དང་། ཁ་བྲལ་ཡ་བྲལ་དུ་གྱུར་པའི་ས་གཞོན་རྣམས་སྒྲིག་འཛུགས་རང་དང་མཉམ་གནས་མཉམ་ལས་ཡོང་ཐུབ་པར་ནུས་ཤུགས་སྒྲིམས་དང་། རང་ཉིད་སྒྲིག་འཛུགས་འདི་ཡི་ཚོགས་མི་ཅིག་དང་ས་རྒྱུན་ཞིག་གི་ངོས་ཐད་ནས་བསྔགས་བརྗོད་དང་ཡི་རངས། བཀའ་དྲིན་ཞུ་ངེས། དེ་མིན་གཞོན་ལྷན་དབུས་རྒྱུན་ཟུར་པའི་མིང་ཐོག་ནས་འཁྲབ་སྟོན་མ་གནང་རོགས། རྩེད་མོ་མ་རྩེ་རོགས། སྐུ་མཁྱེན།།