ཆེད་བརྗོད།
སྤྱིར་འཛམ་བུའི་གླིང་དང་། སྒོས་རྒྱ་གར་རྒྱལ་ཁབ་ཏུ་ད་ལྟའི་ཆར་རྒྱ་ནག་ནས་ཁྱབ་པའི་ཏོག་དབྱིབས་རིམ་ནད་ཀྱི་ཉེན་ཁ་ཧ་ཅང་ཆེ་རུ་འགྲོ་བཞིན་ཡོད་པ་དང་། ཉིན་རེ་བཞིན་ནད་པ་གསར་པ་འབུམ་གསུམ་ལ་ཉེ་བ་རེ་འཕར་བཞིན་འདུག དེ་རིང་ཕྱི་ཟླ་༤ ཚེས་༢༡ ཉིན་གཅིག་པུ་ལ་མཚོན་ན་ནད་པ་གསར་པ་གྲངས་༢༩༤,༢༩༠ འཕར་ཡོད། ད་ལྟའི་སྔོན་འགོག་གི་སྨན་ཁབ་འཛམ་གླིང་གང་སར་རྒྱག་བཞིན་ཡོད་ནའང་། ནད་ཡམས་ཀྱི་འཇིགས་པ་དེ་སྔར་ལས་ཀྱང་ཆེ་རུ་འགྲོ་བཞིན་འདུག ཕྱི་ཚེས་༢༡ ཉིན་ཁོ་ནར་རྒྱ་གར་རྒྱལ་ཡོངས་སུ་ནད་ཡམས་འདི་ལ་བརྟེན་ནས་ནད་པ་གྲངས་༢༠༢༠ འདས་གྲོངས་སུ་གྱུར་ཡོད། ད་ལྟ་ནད་ཡམས་འདིས་རྒྱ་གར་གྱི་སྤྱི་ཚོགས་ཙམ་མ་ཡིན་པར་བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་གྱི་ས་གནས་ཁག་ཏུའང་གནོད་འཚེ་ཆེན་པོ་འཕོག་བཞིན་འདུག་ལ། གནས་སྟངས་འདི་ལྟར་མུ་མཐུད་དུ་སོང་ན་འཛམ་གླིང་སྤྱི་དང་བྱེ་བྲག་རྒྱ་གར་རྒྱལ་ཁབ་ཀྱི་མི་རྒྱུ་གཉིས་ལ་གྱོང་གུད་ཧ་ཅང་ཆེན་པོ་ཞིག་འཕོག་ངེས་ཡིན་པ་ནི་ཧ་ཅང་གསལ་པོར་གྱུར་འདུག
ནད་ཡམས་འདི་ཉིད་སྔོན་མ་རྒྱ་གར་ནང་དར་ཁྱབ་འགྲོ་འགོ་ཚུགས་པའི་སྐབས་གཞུང་ངོས་ནས་དམ་དྲག་ཆེན་པོ་བྱས་སོང་བ་དང་། ཡུལ་མི་ཕྱི་ལ་འགྲོ་མཁན་རྣམས་ལའང་ཉེས་ཆད་བཏང་བ་མ་ཟད། ཉེས་རྡུང་བཏང་བའི་གནས་ཚུལ་ཡང་ས་ཕྱོགས་གང་སར་བྱུང་ཡོད། སྐབས་དེར་རྒྱ་གར་རྒྱལ་ཡོངས་སུ་ནད་པ་གསར་པ་ཉིན་རེར་གྲངས་བརྒྱ་ཕྲག་རེ་ཟུང་ལས་མེད་པའི་སྐབས་རེད། དེ་ནས་རིམ་པས་གཞུང་གི་ངོས་ནས་དམ་དྲག་ལྷོད་དུ་བཏང་བ་དང་། མི་མང་གི་ངོས་ནས་ཀྱང་སྣང་མེད་དུ་གཏོང་རྒྱུ་མང་དུ་སོང་ནས་ད་བར་རྒྱ་གར་རྒྱལ་ཡོངས་སུ་བརྟག་དཔྱད་བྱས་ནས་ནད་རྟགས་ཐོན་པ་གྲངས་ས་ཡ་བཅོ་ལྔ་དང་འབུམ་དྲུག་(༡༥,༦༠༩,༠༠༤)ལྷག་བྱུང་ཡོད་ལ། ནད་ཡམས་དེ་ལ་བརྟེན་ནས་གྲོངས་པ་ནི་ད་བར་མི་གྲངས་ཆིག་འབུམ་བརྒྱད་ཁྲི་ཉིས་སྟོང་(༡༨༢,༥༧༠) ལྷག་བྱུང་ཡོད། བརྟག་དཔྱད་མ་བྱས་པར་ན་བ་དང་གྲོངས་པའི་གནས་ཚུལ་ཡང་ཅི་སྙེད་ཅིག་བྱུང་ཡོད་པ་ནི་སྤྱི་ཚོགས་ཀྱི་གནས་སྟངས་དབང་གིས་ཚོད་དཔག་བྱེད་ཐུབ་པ་ཞིག་ཡིན་པས། རྒྱ་ནག་གི་ནད་ཡམས་འདི་ལ་བརྟེན་ནས་རྒྱ་གར་ལ་གནོན་སྐྱོན་ཧ་ཅང་ཆེན་པོ་ཐེབས་ཡོད།
སྤྱིར་ནད་ཡམས་འདིས་གནོད་སྐྱོན་ཕོག་མཁན་རྒྱ་གར་ཙམ་མ་ཡིན་པར་འཛམ་གླིང་སྤྱི་ཚོགས་ཁྱོན་ཡོངས་ལ་གནོད་སྐྱོན་ཆེན་པོ་ཕོག་ཡོད་པ་དང་། ད་བར་འཛམ་གླིང་ཤར་ནུབ་ཀུན་ཏུ་རྒྱ་ནད་ཕོག་པའི་ནད་པ་མི་གྲངས་ས་ཡ་བརྒྱ་དང་བཞི་བཅུ་ཞེ་གསུམ་ལྔ་འབུམ་བཞི་ཁྲི་ལྷག་(༡༤༣,༥༤༢,༥༥༠)བྱུང་ཡོད་པ་མ་ཟད། རྒྱ་ནད་འདིའི་རྐྱེན་གྱིས་གྲོངས་པ་མི་གྲངས་ས་ཡ་གསུམ་དང་འབུམ་མེད་ལྔ་ཁྲི་བདུན་སྟོང་ལྷག་(༣,༠༥༧,༥༤༡)བྱུང་ཡོད། དེའི་ནང་ནས་གནོད་སྐྱོན་ཕོག་ཆེ་ཤོས་ཕོག་མཁན་ཨ་རི་རྒྱལ་ཁབ་ལ་མཚོན་ན་ད་བར་ན་ཚ་འདི་ཕོག་མཁན་མི་གྲངས་ས་ཡ་སུམ་ཅུ་སོ་གཉིས་དང་ལྔ་འབུམ་སུམ་ཁྲི་ལྷག་(༣༢,༥༣༦,༤༧༠)བྱུང་ཡོད་པ་དང་། འདས་གྲོངས་སུ་གྱུར་པ་མི་གྲངས་ལྔ་འབུམ་བརྒྱད་ཁྲི་ཉིས་སྟོང་ལྷག་(༥༨༢,༤༥༦)བྱུང་ཡོད། དེར་བརྟེན་ད་ལམ་རྒྱ་ནད་འདིས་འཛམ་གླིང་ཤར་ནུབ་ཀུན་ཏུ་གནོད་སྐྱོན་ཚད་ལས་བརྒལ་བ་བྱུང་ཡོད་པ་དང་། འདི་ནི་རྒྱ་དམར་གཞུང་གིས་འགྲོ་བ་མིའི་རིགས་ལ་ཆེད་དུ་གནོད་སྐྱོན་བཏང་བའི་ལོ་རྒྱུས་ཀྱི་ནག་ཉེས་ཤིག་ཏུ་ངོས་འཛིན་བྱས་ཀྱང་མི་འགྲིག་པ་གང་ཡང་མེད།
ད་ལྟའི་ཆར་རྒྱ་གར་ལ་མཚོན་ན་སྤྱི་ཚོགས་ནང་ནད་ཡམས་ལ་དོ་སྣང་ཆེན་པོ་མེད་པ་ལྟ་བུར་གྱུར་ཡོད་པ་དང་། ཁ་རས་གྱོན་མཁན་དང་། ལག་པ་གཙང་སེལ་བྱེད་མཁན། སྤྱི་ཚོགས་རྒྱང་བཀྱེད་སོགས་ཀྱི་གནས་སྟངས་ཉུང་དུ་སོང་ཡོད་པས། ཁོར་ཡུག་གཙང་སྦྲ་དང་། འཕྲོད་བསྟེན་གྱི་མཐུན་རྐྱེན་ཞན་པ། མི་འབོར་ཧ་ཅང་མང་བ་སོགས་ལ་བརྟེན་ནས་གནོད་སྐྱོན་སྔར་ལས་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོར་གྱུར་ཡོད། བཙན་བྱོལ་བོད་པའི་སྤྱི་ཚོགས་ལ་མཚོན་ནའང་དེའི་ཤུགས་རྐྱེན་ལ་བརྟེན་ནས་གནོན་སྐྱོན་ཆེན་པོ་འཕོག་རྒྱུའི་ཉེན་ཁ་ཡོད་པས། ང་རང་ཚོ་བོད་པའི་སྤྱི་ཚོགས་ལ་དཔག་པའི་མི་རེ་ངོ་རེ་བཞིན་འགན་ཡག་པོ་ཞིག་ཁུར་མ་ཐུབ་ན་དཀའ་ངལ་ཚད་ལས་བརྒལ་བ་ཞིག་ཡོང་རྒྱུའི་ཉེན་ཁ་འདུག འདི་དག་ལ་གདོང་ལེན་ནམ་སྔོན་འགོག་བྱེད་སྟངས་ཀྱི་ཐབས་ལམ་རྒྱུན་ཤེས་ནི་སྤྱི་ཚོགས་ནང་ལོ་གཅིག་ལྷག་གི་རིང་ཁྱབ་བརྡལ་ཆེན་པོ་བྱུང་ཡོད་པས་བོད་མི་རྒན་གཞོན་ཚང་མས་མ་ཤེས་པ་ཞིག་གང་ཡང་མེད། གང་ལྟར་ད་ལྟའི་ཆར་ཕྱི་ལ་མ་འཁྱམས་པར་ནང་དུ་སྡོད་རྒྱུ་འདི་ཉིད་ཐབས་ལམ་ཡག་ཤོས་སུ་གྱུར་ཡོད།
མདོར་ན་ནད་ཡམས་ཀྱི་དཀའ་ངལ་ཆེ་རུ་འགྲོ་བཞིན་པ་དང་ལྷན་དུ་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུའི་གྲུབ་འབྲས་རིམ་བཞིན་གསར་ལམ་ཁག་དང་། སྤྱི་ཚོགས་དྲ་ལམ་ཁག་ཏུ་ཡིན་ལ་མིན་ལ་ཞིག་ཐོན་ཡོང་དུས། རྒྱལ་ཁ་ཐོབ་སོང་བསམ་མཁན་གྱི་རྒྱབ་སྐྱོར་བ་རྣམས་ཀྱིས་ངོམ་སོ་དང་དམའ་འབེབས། ཕམ་ཁ་བྱུང་སོང་བསམ་མཁན་གྱི་རྒྱབ་སྐྱོར་བ་རྣམས་ཀྱིས་སྡུག་ཡུས་དང་ཁ་རྡུང་སྣ་ཚོགས་ཤིག་མཐོང་རྒྱུ་ཡོད་པ་ནི། བཙན་བྱོལ་བོད་པའི་སྤྱི་ཚོགས་ཆུང་ཆུང་འདི་ཉིད་ལ་མཚོན་ན་རྒྱ་ནད་ཏོག་དབྱིབས་ལས་ཀྱང་ཉེན་ཁ་ཆེ་བ་ལྟ་བུར་གྱུར་འདུག འོན་ཀྱང་འདི་དག་གི་རྒྱབ་ཏུ་མི་སྣ་ཆེ་ཆུང་མང་པོ་ཡོད་པ་མ་ཟད། ཟུར་སྣེ་རེ་ཟུང་དུ་སྔོན་མ་བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་ཁྱིམ་ཚང་ཆེན་པོ་གསུམ་གྱི་ཆབ་སྲིད་ཀྱི་མེ་རོ་བསྐྱར་དུ་གསོ་རྒྱུའི་རེ་བ་རྒྱག་གི་ཡོད་པའམ། བཙན་བྱོལ་ནང་གི་གནད་ཡོད་ལས་སྣེ་ཟུར་བ་རྣམས་མཉམ་དུ་དཔུང་སྡེབ་ཀྱིས་མ་འོངས་པར་ཆབ་སྲིད་ཀྱི་ཁེ་ཕན་ཆེན་པོ་ཞིག་འཐོབ་ཐུབ་པའི་རེ་བ་དང་འཆར་གཞི་མེད་དམ་སྙམ་པའང་མཐོང་རྒྱུ་ཡོད་པ་ནི། མུ་གེའི་སྒང་ལ་ཟླ་ལྷག་གི་དཔེ་རུ་སོང་འདུག།།