སླར་ཡང་ཉེས་མེད་ཀྱི་བོད་མི་ཞིག་རྒྱ་གཞུང་གི་མནར་གཅོད་འོག་ནས་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན་འདུག 

ཁམས་ཤག་རོང་པོ་ས་ཁུལ་ནས་ཡིན་པའི་བྱིས་པ་དྲུག་གི་ཨ་ཕ་ནོར་བཟང་ལགས་ ༢༠༡༩ ལོར་རྒྱ་ནག་གཞུང་གི་མི་སྤྱོད་ལས་འདས་པའི་རྒྱག་རྡུང་དང་མནར་གཅོད་འོག་ནས་འདས་གྲོངས་སུ་གྱུར་ན་ཡང་། རྒྱ་ནག་གཞུང་གིས་ས་ཁུལ་དེར་དམ་དྲག་དང་དྲ་རྒྱའི་སྟངས་འཛིན་ཤུགས་ཆེན་བྱེད་ཀྱིན་ཡོད་སྟབས། གནས་ཚུལ་དེ་ད་ལྟ་བར་དུ་ཕྱི་ལོགས་སུ་མ་ཐོན་པར་ལྷག་ཡོད་འདུག

༢༠༡༩ ལོའི་ཕྱི་ཟླ་ པའི་ནང་རྒྱ་ནག་གཞུང་གིས་ཤག་རོང་པོ་ཁུལ་གེ་སོ་སྲ་བྷ་གྲོང་ནས་ཡིན་པ་ནོར་བཟང་ལགས་དང་། གེ་སོ་ཚ་ལྷིས་གྲོང་ནས་ཡིན་པའི་མི་སྣ་འགའ་སྟར་ཆེན་ཡུལ་ཤང་དུ་སློབ་གསོའི་འཛིན་གྲར་འགྲོ་དགོས་ཚུལ་བཤད་དེ་བཙན་ཁྲིད་བྱས་ཡོད་འདུག

རྗེས་སུ་གཞན་དག་ཚོ་རིམ་བཞིན་གློད་གྲོལ་བཏང་ཡོད་ནའང་། ནོར་བཟང་ལགས་མ་བཏང་བ་མ་ཟད། ས་ཁུལ་དེའི་དྲྭ་རྒྱའི་དམ་དྲག་ལ་བརྟེན་ནས་ནོར་བཟང་ལགས་ཀྱི་གནས་ཚུལ་ལོ་གཉིས་མ་ཟིན་ཙམ་རིང་དུ་གོ་ཐོས་མེད་པར་གྱུར་ནས་ལྷག་ཡོད་འདུག

དེ་རིང་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འདི་གའི་གསར་ཁང་དུ་འགྲེལ་བརྗོད་གནང་བ་ལྟར་ན། ལོ་དེར་ནོར་བཟང་ལགས་ཆབ་སྲིད་ཀྱི་ཉེས་མིང་འོག་ནས་བཙན་ཁྲིད་བྱས་རྗེས། སྟར་ཆེན་ཤང་དུ་རྒྱ་དམར་གྱི་སྲིད་གཞུང་མི་སྣས་ཚད་ལས་འདས་པའི་རྒྱག་རྡུང་དང་མནར་གཅོད་བཏང་ནས་འདས་གྲོངས་སུ་གྱུར་ཡོད་འདུག

སྐབས་དེར་སྲིད་གཞུང་གི་མི་སྣས་ནོར་བཟང་ལགས་བུ་ལོན་ཆེན་པོ་ཡོད་པར་བརྟེན་ནས་ཤག་ཆུའི་ཟམ་པའི་སྒང་ནས་མཆོངས་ཏེ་འདས་གྲོངས་སུ་སོང་བ་ཡིན་ཚུལ་བསྒྲགས་ཡོད་འདུག་ཀྱང་། དོན་དངོས་སུ་ནོར་བཟང་ལགས་ནི་བུ་ལོན་སྣ་གཅིག་མེད་པ་མ་ཟད། རང་གི་འཚོ་བའི་མཐུན་རྐྱེན་དང་ཕྱིའི་དངོས་པོ་སོགས་གང་ཅིའི་ཐོག་ནས་ཡག་པོ་ཡོད་འདུག 

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ནོར་བཟང་ལགས་རྒྱ་གཞུང་གི་མི་སྣས་རྡུང་རྡེག་ཚད་ལས་འདས་པ་བཏང་ནས་ཐད་ཀར་དམར་གསོད་བཏང་རྗེས། མི་མང་ལ་མགོ་སྐོར་གཏོང་ཆེད་རང་ཤི་བརྒྱབ་ཚུལ་བཤད་པའམ། ཡང་ན་སྲིད་གཞུང་མི་སྣའི་ཚད་ལས་འདས་པའི་མནར་གཅོད་ལ་ངོ་རྒོལ་གྱིས་ཤག་ཆུར་འཆོངས་ནས་སྐུ་སྲོག་བཏང་བ་གཉིས་ལས་གང་རུང་ཞིག་ཆགས་ཡོད་འདུག 

ཡིན་ན་ཡང་། རྒྱ་ནག་གཞུང་གིས་ས་ཁུལ་དེར་ཧ་ཅང་གི་དམ་དྲག་ཆེ་བ་དང་། ལྷག་པར་དུ་ནོར་བཟང་ལགས་གྲོངས་པའི་སྐབས་ཡུལ་མི་ཚོའི་དྲྭ་རྒྱ་བཀག་སྡོམ་བྱས་པར་བརྟེན་གནས་ཚུལ་དེ་གཉིས་ལས་ག་རེ་ཡིན་པ་གསལ་པོར་ཤེས་ཐབས་བྲལ་ཡོད་འདུག

ནོར་བཟང་ལགས་མནར་གཅོད་འོག་ནས་གྲོངས་པའི་སྐབས་དེར། ཉེན་རྟོག་པའི་རླངས་འཁོར་ལྔ་དྲུག་ཙམ་ཁོང་གི་ཕ་ཡུལ་སྲ་བྷ་གྲོང་ཚོར་སླེབས་ནས་ཁྱིམ་དུ་ཉིན་གྲངས་མང་པོར་བསྔོག་བཤེར་དང་། ཁོང་གི་བཟའ་ཟླ་ལ་ཡང་སུན་གཙེར་ཡང་ཡང་བཟོས་ཡོད་འདུག

དུས་སྐབས་དེར་བཟའ་ཟླའི་ཁོག་ཏུ་ཕྲུ་གུ་ཡོད་པའི་ཐོག ནོར་བཟང་ལགས་རྐྱེན་འདས་སུ་སོང་བར་བརྟེན། མོ་ཚད་ལས་འདས་པའི་སྡུག་བསྔལ་གྱིས་སྨྱོན་པ་ཆགས་གྲབས་བྱས་པའི་སྐད་ཆ་ཡང་འདུག་པ་མ་ཟད། ད་ལྟའི་ཆར་ཡང་མོ་དང་ཤུལ་ལུས་བྱིས་པ་ཚོ་ཧ་ཅང་ཡ་ང་བའི་གནས་སྟངས་འོག་ཡོད་འདུག 

ནོར་བཟང་ལགས་ནི་རྒྱུན་དུ་རྒྱ་ནག་གཞུང་གི་ཆེད་མངགས་མི་སྣའི་ཆབ་སྲིད་དྲིལ་བསྒྲགས་དང་། བོད་མི་རྣམས་ལ་བདེ་སྐྱིད་དང་རང་དབང་ཡོད་ཚུལ་ཀྱི་འཁྲབ་སྟོན་དང་། དེ་བཞིན་དུ་བོད་མི་སོ་སོའི་སྡོད་ཁྱིམ་དུ་རྒྱ་ནག་དམར་པོའི་སྲིད་གཞུང་གི་འགོ་ཁྲིད་ལྔའི་པར་སྒྲིག་བཤོམ་བྱེད་དུ་འཇུག་པ། རྒྱ་ནག་གི་དར་དམར་སྒྲེངས་འཛུགས་བྱེད་དུ་འཇུག་པ་སོགས་དང་ལེན་མི་བྱེད་པར་ངོ་རྒོལ་བྱེད་མཁན་ཞིག་དང་། བོད་མི་རིགས་ཀྱི་ལ་རྒྱ་དང་གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་ལ་མངོན་སུམ་འཛེམ་མེད་ངང་འགྱུར་མེད་ཀྱི་དད་འདུན་སྟོན་ཕོད་པའི་མི་སྣ་ཞིག་ཡིན་འདུག

ཁོང་རྒྱའི་མནར་གཅོད་འོག་ནས་འདས་གྲོངས་སུ་འགྲོ་བའི་སྐབས་ལོ་ན་ ༣༥ ཙམ་ཡིན་འདུག་ཅིང་། ཤུལ་དུ་ བྱིས་པ་དྲུག་ལྷག་ཡོད་འདུག

རྒྱ་ནག་གཞུང་གིས་ཆབ་སྲིད་བཙོན་པ་རྣམས་བཙོན་ཁང་དུ་ཁྲིམས་མེད་ལུགས་ངང་རྒྱག་རྡུང་དང་མནར་གཅོད་ལས་ཚད་མེད་བཏང་ནས་དམར་གསོད་གཏོང་བ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་གྱུར་ཡོད་དེ། ད་ལོ་ཁོ་ནའི་ནང་དགུང་ལོ་ ༡༩ ལས་ཕེབས་མེད་པའི་རྫ་དབོན་པོ་དགོན་གྱི་དགེ་འདུན་པ་བསྟན་འཛིན་ཉི་མ་ལགས་དང་། འབྲི་རུ་རྫོང་ནས་ཡིན་པའི་ཡུལ་སྐུར་སྣ་ཤན་པ་དཀོན་མཆོག་སྤྱིན་པ་གཉིས་ཟླ་བ་གཅིག་གི་བར་ཐག་ལས་མེད་པར་རྒྱའི་བཙོན་ཁང་གི་མནར་གཅོད་འོག་ནས་འདས་གྲོངས་སུ་གྱུར་ཡོད།  

གསར་འགོད་པ་དཀོན་མཆོག་རབ་བརྟན།