སྲིད་སྐྱོང་བློ་བཟང་སེང་གེས་༧གོང་ས་མཆོག་དང་བོད་ཕྱི་ནང་གཉིས་ཀྱི་སྤུན་ཟླ་ཚོར་“བཀའ་དྲིན་བླ་མེད་དུ་ཆེ་”ཞེས་ཞུས་འདུག
སྲིད་སྐྱོང་བློ་བཟང་སེང་གེའི་ལས་ཡུན་རྫོགས་པའི་གསུང་བཤད་ནང་། ཁོང་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་ཕྱི་ནང་གཉིས་ཀྱི་སྤུན་ཟླ་ཚོར་བཀའ་དྲིན་ཆེ་དང་། “ངས་ལོ་བཅུའི་རིང་སྲིད་སྐྱོང་གི་མིང་གནས་ཐོག་ནས་ཁྱེད་རྣམ་པར་ཞབས་ཞུ་བསྒྲུབ་རྒྱུ་བྱུང་བ་དེ་ནི་ངའི་མི་ཚེའི་ནང་དགའ་སྤོབས་ཆེ་ཤོས་བྱེད་ཡུལ་དེ་ཡིན་”ཞེས་གསུངས་འདུག
དེ་རིང་སྔ་དྲོར་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་སྲིད་སྐྱོང་བཟང་སེང་གེས་དབུ་ཁྲིད་པའི་སྐབས་ ༡༥ པའི་བཀའ་ཤག་ནས་ལས་འཁྱུར་གསུང་བཤད་ཅིག་གནང་བའི་ནང་། ཁོང་གིས་“བོད་ཕྱི་ནང་གཉིས་ཀྱི་བོད་མི་སྤུན་ཟླ་རྣམས་ཀྱི་འགྱུར་ལྡོག་མེད་པའི་རྒྱབ་སྐྱོར་དང་སྨོན་འདུན་གྲངས་མེད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་ལོ་བཅུའི་རིང་སྲིད་སྐྱོང་གི་མིང་གནས་ཐོག་ནས་ཁྱེད་རྣམ་པའི་ཞབས་ཞུ་བསྒྲུབ་རྒྱུ་བྱུང་བ་དེ་ནི་ངའི་མི་ཚེའི་ནང་དགའ་སྤོབས་ཆེ་ཤོས་བྱེད་ཡུལ་དེ་ཡིན་”ཞེས་གསུངས་པའི་ཐོག “ཁྱེད་རྣམས་ལ་བརྟེན་ནས་ངས་རང་གི་ཕ་དམ་པའི་ཁ་ཆེམས། རང་གི་རྩ་བའི་བླ་མ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཞབས་འདེགས་ཞུ་རྒྱུ་དང་། རྒྱའི་བཙན་འོག་ཏུ་ཤོར་བའི་རང་གི་རྒྱལ་ཁབ་ཀྱི་རྩ་དོན་འཐབ་རྩོད་བྱ་རྒྱུ་གཉིས་དངོས་སུ་བསྒྲུབ་རྒྱུའི་གོ་སྐབས་བཟང་པོ་བྱུང་། འདི་འདྲའི་ཁ་ཆེམས་ཀྱི་སྒྲ་ཚིག་བོད་མིའི་ཁྱིམ་ཚང་ཚང་མའི་ནང་ཡོད་པ་ངས་གསལ་པོ་ཤེས་ཀྱི་ཡོད་”ཅེས་བསྣན་འདུག
དེ་བཞིན་ཁོང་གིས་བོད་ཀྱི་གྲོགས་པོ་གསར་རྙིང་མང་པོས་ང་ཚོ་ལ་བདེན་པའི་རྒྱབ་ལངས་བརྟན་པོ་གནང་བ་ལའང་ཐུགས་རྗེ་ཆེ་ཞུས་པ་དང་། ཁོང་རྡོར་གླིང་གི་བོད་མིའི་གཞིས་ཆགས་ཆུང་ངུ་དེ་ལྟ་བུ་ཞིག་གི་ཕྲུ་གུ་ཞིག་བཙན་བྱོལ་བོད་མིའི་སྲིད་སྐྱོང་གི་མིང་གནས་འཛིན་མཁན་དང་པོར་གྱུར་སྲིད་པ་དེ་ནི། “༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་གཟིགས་རྒྱང་ཁོ་ན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ཚོར་གྱི་ཡོད་པས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙིང་ཐག་པ་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན་”ཞེས་ཞུས་འདུག
བློ་བཟང་སེང་གེ་ ༢༠༡༡ ལོར་ཐོག་མར་མང་གཙོའི་ལམ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དུ་འདེམས་ཐོན་བྱུང་བའི་རྗེས། ༢༠༡༦ ལོར་སླར་ཡང་འོས་བསྡུའི་རྒྱལ་ཁབ་ཐོབ་ནས་ཁྱོན་འདས་པའི་ལོ་ངོ་བཅུའི་རིང་བོད་མིའི་སྒྲིག་འཛུགས་སམ་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་འགན་དབང་བཞེས་ཡོད།
ཁོང་གིས་“ལོ་ངོ་བཅུ་ཙམ་རིང་ཆོད་སེམས་བརྟན་པོས་ལས་དོན་ཐོག་དངོས་སུ་ཞུགས་ནས་རྒྱལ་སྤྱིའི་ནང་ང་ཚོ་ཁ་བྲལ་བ་མིན་པར་ཁྲིམས་མཐུན་གྱི་བཙན་བྱོལ་བོད་མིའི་ངོ་ཚབ་ཅིག་ཡིན་པར་ངོས་འཛིན་ཐོབ་སྟེ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གི་མིང་ཐོག་ནས་རིམ་པས་ཨ་རིའི་ཕྱི་སྲིད་ལས་ཁུངས་དང་ཕོ་བྲང་དཀར་པོའི་ནང་འགྲོ་ཐུབ་པ་བྱུང་ཡོད། དེ་དང་ལྷན་དུ་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་ཡིག་ལ་བརྟེན་ནས་ཨ་རི་གཞུང་དང་བོད་མིའི་སྒྲིག་འཛུགས་གཉིས་དབར་དཔེ་མཚོན་འོས་པའི་འབྲེལ་ལམ་གསར་པ་མངོན་གསལ་ཅན་ཞིག་གཏོད་ཐུབ་ཡོད་”ཅེས་གསུངས་འདུག
ལས་ཡུན་རྫོགས་ཁའི་གསུང་བཤད་ནང་། ཁོང་གིས་“ལེའུ་གསར་པ་འདི་འདྲ་ཞིག་དང་ལྷན་དུ་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་སྲིད་སྐྱོང་གི་འགན་དབང་རྩིས་སྤྲོད་ཚུལ་བཞིན་བྱེད་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་ཡོད་”ཅེས་གསུངས་པ་མ་ཟད། སྲིད་སྐྱོང་གསར་པའི་“བོད་དང་བོད་མིའི་ཆེད་དུ་རྒྱལ་སྤྱིའི་ཞུ་གཏུག་ཁག་ལ་རྒྱབ་སྐྱོར་ཞུ་དགོས་པ་བོད་མི་ཡོངས་ཀྱི་ལས་འགན་ཆགས་ཀྱི་ཡོད་པས་ཚང་མས་ཕྱར་གྲུ་མཉམ་འདེགས་ངེས་པར་དུ་གནང་དགོས་ཤིང་། བདམས་ཐོན་སྲིད་སྐྱོང་མཆོག་དང་ཁོང་གི་བཀའ་ཤག་གི་མཛད་དོན་རྣམས་གེགས་མེད་ལམ་ལྷོང་ཡོང་བའི་རེ་སྨོན་”ཡང་ཞུས་འདུག
གཞན་ཡང་། ཁོང་གིས་“བོད་མིའི་རང་དབང་ལས་འགུལ་གྱི་ལོ་རྒྱུས་ཆ་ཚང་བ་ཞིག་འགྲུབ་པ་ལ། ང་ཚོའི་མཐུན་གྲོགས་ཉེ་ཤོས་ངོ་མཚར་ཅན་གྱི་རྒྱལ་ཁབ་རྒྱ་གར་གྱི་རྒྱབ་སྐྱོར་མེད་པར་ཡོང་ཐབས་མེད་པས། ངས་དེ་རིང་རྒྱ་གར་གཞུང་དང་མི་མང་ཡོངས་ལ་ད་བར་མི་ལོ་ ༦༠ བརྒལ་བའི་རིང་གང་ཅིའི་རོགས་མགོན་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཤིན་ཏུ་ཆེ་ཞུ་རྒྱུ་ཡིན་”ཞེས་གསུངས་པའི་ཁར། ད་ལྟའི་ཆར་རྒྱ་གར་དང་འཛམ་གླིང་ཡུལ་གྲུ་གང་སར་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ ལ་བརྟེན་ནས་འཆི་སྐྱོན་དང་ནད་མནར་གྱི་སྡུག་བསྔལ་ཚབས་ཆེན་མྱོང་བཞིན་ཡོད་པར་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཚང་མར་ཐུགས་གསོ་དང་གདུང་སེམས་མཉམ་བསྐྱེད་ཀྱང་གནང་འདུག
ཁོང་གིས་སྲིད་སྐྱོང་གི་ལས་འགན་རྫོགས་རྗེས་ཁྱིམ་ཚང་དང་ལྷན་དུ་དུས་ཚོད་གཏོང་བ་དང་། ལྷག་པར་དུ་“རང་གི་བུ་མོ་དང་ལྷན་དུ་དྲྭ་ཐོག་རྩེད་མོ་རྩེ་དགོས་བསམ་བཞིན་ཡོད་”ཅེས་གསུངས་པའི་ཐོག “ངའི་སྲིད་སྐྱོང་ལས་འགན་དེ་རིང་ནས་ཟིན་ཀྱང་། བོད་ཀྱི་རྩ་དོན་ཆེད་དུ་ལས་ཀ་མུ་མཐུད་བྱེད་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ལ། རང་ཉིད་རང་དབང་འཐབ་རྩོད་པའི་ངོ་བོར་སྐྱེས་པ་བཞིན། མ་འཆི་བར་དུ་རང་དབང་འཐབ་རྩོད་པའི་ངོ་བོར་གནས་རྒྱུ་ཡིན་”ཞེས་དམ་བཅས་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།
