ལྡི་ལིའི་རྒྱ་ནག་གཞུང་ཚབ་མདུན་དུ་བོད་མི་ངོ་རྒོལ་བ་ཁག་ཅིག་བཀག་ཉར་བྱས་འདུག

ཟླ་འདིའི་ཚེས་༡ ཉིན་ཏེ། རྒྱ་ནག་དམར་ཤོག་ཚོགས་པ་འགོ་བཙུགས་པའི་ཉིན་མོ་དང་སྟབས་བསྟུན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་གོ་སྒྲིག་འོག ལྡི་ལིའི་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་བ་དང་། གཞོན་ལྷན་ཚོགས་གཙོ་མགོན་པོ་དོན་འགྲུབ་སོགས་ཚོགས་མི་༡༥ རྒྱ་གར་ཉེན་རྟོག་པས་བཀག་ཉར་བྱས་འདུག གཞོན་ལྷན་ཚོགས་གཙོས་“རྒྱ་ནག་དམར་ཤོག་པ་ལོ་བརྒྱ་འཁོར་བ་འདི་བོད་ཙམ་མ་ཡིན་པར་འཛམ་གླིང་གི་བདེ་འཇགས་ལ་ཉེན་ཁ་ཡོད་པ་རེད་”ཅེས་གསུངས་སོང་།


གཞོན་ལྷན་ཚོགས་གཙོར་གནས་འདྲི་བྱས་པར། ཁོང་གིས། “འདི་ལོའི་ཕྱི་ཟླ་༧ པའི་ཚེས་༡ ཉིན་རྒྱ་ནག་དམར་ཤོག་ཚོགས་པ་འགོ་བཙུགས་ནས་ལོ་བརྒྱ་འཁོར་བའི་ཉིན་མོའི་དུས་ཆེན་ཡིན་ཞེས་ཁོ་རང་ཚོས་འཛམ་གླིང་ཐོག་དགའ་སྤྲོ་ལྡན་པའི་ཉིན་མོ་ཞིག་ཡིན་ཞེས་དྲིལ་བསྒྲགས་འཁྱོག་བཤད་མང་པོ་ཞིག་བྱེད་ཀྱི་ཡོད་པ་རེད། ཁོ་རང་ཚོར་དགའ་སྤྲོ་ལྡན་པའི་ཉིན་མོ་ཞིག་ཡིན་ཟེར་གྱི་ཡོད་ནའང་། ང་ཚོ་བོད་མི་ཚོར་ཉིན་ནག་ཅིག་ཆགས་ཀྱི་ཡོད་པ་རེད་”ཅེས་དང་། “དེ་རིང་རྒྱ་ནག་ལ་ངོ་རྒོལ་གཞི་རྒྱ་ཆེ་བ་ཞིག་བྱེད་དགོས་ཀྱི་ཡོད་ནའང་། རྒྱ་ནད་ཏོག་དབྱིབས་ཁྱབ་བརྡལ་གྱི་ཉེན་ཁ་ཡོད་པས་མི་མང་པོ་འདུ་འཛོམས་ཐུབ་མ་སོང་། ང་ཚོས་རྒྱ་ནག་དམར་ཤོག་ཚོགས་པ་འདི་ལག་དམར་གྱི་ཚོགས་པ་ཞིག་ཡིན་པ་དང་། བོད་མི་མང་པོ་གསོད་མཁན་གྱི་དགྲ་བོ་ལག་དམར་གྱི་ཚོགས་པ་ཞིག་བཙུགས་ནས་ལོ་བརྒྱ་འཁོར་བ་འདི་བོད་ཙམ་མ་ཡིན་པར་འཛམ་གླིང་གི་བདེ་འཇགས་ལ་ཉེན་ཁ་ཞིག་ཆགས་ཀྱི་ཡོད་པས། དམར་ཤོག་ཚོགས་པ་འདི་ནུས་མེད་བཟོ་རྒྱུར་འཛམ་གླིང་གི་མི་མང་ཚང་མ་མཉམ་རུབ་དགོས་པའི་འབོད་ཚིག་སྒྲོག་གི་ཡོད་”ཅེས་གསུངས་སོང་།

བོད་ཀྱི་གཞོན་ལྷན་གྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། དམར་ཤོག་ཚོགས་པ་འགོ་བཙུགས་ནས་ད་སྔ་བར་དུ་སྤྱིར་མི་གསོད་ཁྲག་སྦྱོར་ག་ཚོད་བྱས་ཡོད་དང་། བོད་རྒྱལ་ཁབ་དབང་བསྒྱུར་བྱས་པ་དང་མི་མང་དམར་གསོད་དང་དགོན་སྡེ་གཏོར་བཤིག་བཏང་བ། ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པར་སྦྱང་སྤྱོད་སྤེལ་གསུམ་ལ་དམ་དྲག་ཡོད་པ། བོད་ནང་ནས་རང་སྲོག་བློས་གཏོང་གིས་རྒྱ་ནག་ལ་ངོ་རྒོལ་བྱས་པའི་བརྒྱུད་རིམ་སོགས་འཁོད་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།