རྒྱ་གར་གྱི་མི་འབོར་མང་ཤོས་ཀྱི་མངའ་སྡེའི་ནང་ཕྲུ་གུ་གཉིས་ལས་མི་སྐྱེས་པའི་སྲིད་བྱུས་གསལ་བསྒྲགས་བྱས་འདུག
རྒྱ་གར་ནང་མི་འབོར་མང་ཤོས་ཡིན་པའི་ཡུ་པཱི་མངའ་སྡེའི་གཞུང་གིས། མི་འབོར་འཕེལ་ཚད་སྟངས་འཛིན་བྱེད་ཆེད་དུ་ཕྲུ་གུ་གཉིས་ལས་མང་བའི་ཕ་མ་རྣམས་གཞུང་གི་ལས་གནས་དང་ཐོབ་ཐང་སོགས་ཐོབ་རྒྱུ་མེད་པ་བཟོ་བའི་ཁྲིམས་འཆར་གྱི་ཟིན་བྲིས་ཤིག་གསལ་བསྒྲགས་བྱས་འདུག
ཟླ་༧ པའི་ཚེས་༡༢ ཉིན་རྒྱ་གར་གྱི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཚེས་༡༡ ཉིན་རྒྱ་གར་བྱང་ཕྱོགས་མངའ་སྡེ་ཡུ་པཱི་(Uttar Pradesh) གཞུང་གིས་མི་འབོར་འཕེལ་རིམ་སྟངས་འཛིན་དང་འབྲེལ་བའི་སྲིད་བྱུས་ཤིག་གསལ་བསྒྲགས་བྱས་འདུག་པ་དང་། དེའི་ནང་ཁྲིམས་འཆར་གསར་པ་ཁག་ཅིག་གི་ཟིན་བྲིས་ཐོག་མི་མང་ནས་ཟླ་༧ པའི་ཚེས་༡༩ བར་བསམ་འཆར་སྤྲོད་ཆོག་སྐོར་བརྗོད་འདུག
དེ་ཡང་ཡུ་པཱི་མངའ་སྡེའི་ནང་མི་འབོར་ས་ཡ་༢༤༠ ལྷག་ཡོད་འདུག་པ་དང་། གལ་ཏེ་མངའ་སྡེ་དེ་རྒྱལ་ཁབ་གཅིག་ཡིན་ཚེ་འཛམ་གླིང་ནང་མི་འབོར་ཆེ་ཤོས་ཀྱི་རྒྱལ་ཁབ་ཨང་རིམ་༥ པ་ཆགས་རྒྱུ་ཡིན་འདུག དེ་ཡང་གཞུང་གི་ཁྲིམས་འཆར་དེའི་ནང་བརྗོད་དོན་ལ། མངའ་སྡེར་རང་བྱུང་དང་དཔལ་འབྱོར་གྱི་ཐོན་ཁུངས་གཉིས་རྫོགས་མཐའ་ཡོད་པ་ཞིག་ཡིན་པའི་གནས་སྟངས་ལ་བརྟེན་ནས། མིའི་འཚོ་བའི་གཞི་རྩའི་ཐོབ་ཐང་རྣམས་མི་ཚང་མར་ཐོབ་རྒྱུ་ཡོད་པ་བཟོ་རྒྱུ་གལ་ཆེན་དང་ཛ་དྲག་ཆགས་ཡོད་སྐོར་བརྗོད་ནས། མི་འབོར་འཕེལ་ཚད་སྟངས་འཛིན་བྱེད་ཆེད་དུ་ཕ་མ་རྣམས་ལ་ཕྲུ་གུ་གཉིས་ལས་མི་མང་བ་མི་སྐྱེ་བའི་སྐུལ་མ་བྱེད་རྒྱུ་ཡིན་པ་དང་། གལ་ཏེ་ཕྲུ་གུ་གཉིས་ལས་མང་བ་སྐྱེས་ཚེ། ཕ་མ་གཉིས་གཞུང་གི་ལས་གནས་ལ་སྙན་ཞུ་རྒྱག་མི་ཆོག་པ་དང་གཞུང་གི་གོ་གནས་སུ་འོས་འགྲན་བྱེད་མི་ཆོག་པ། གཞུང་གི་ཐོབ་ཐང་ལེན་མི་ཆོག་བཟོ་རྒྱུ། ཕྲུ་གུ་གཅིག་དང་གཉིས་མ་གཏོགས་མེད་པའི་ཕ་མ་ཚོར་གཞུང་གིས་ཁེ་ཕན་སྤྲོད་རྒྱུ་ཡིན་འདུག
དེ་སྔོན་རྒྱ་གར་གྱི་མངའ་སྡེ་ཨ་སམ་ནང་དུ་ཡང་མི་འབོར་འཕེལ་ཚད་སྟངས་འཛིན་ཆེད་དུ་སྲིད་བྱུས་གཏན་འབེབས་བྱེད་རྒྱུའི་གསལ་བསྒྲགས་བྱས་འདུག
ད་ལྟའི་ཆར་འཛམ་གླིང་ནང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་གཉིས་པ་ནི་རྒྱ་གར་ཡིན་པ་དང་། ཕྱི་ལོ་༢༠༢༧ ལོར་མི་འབོར་ཆེ་ཤོས་དང་པོ་ཆགས་རྒྱུའི་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག
ཕྱི་ལོ་༢༠༡༦ ལོར་རྒྱ་གར་གྱི་ཨེམ་བྷི་ནང་དུ་ཡང་མངའ་སྡེའི་གྲོས་ཚོགས་འཐུས་མི་ཞིག་གིས། མི་འབོར་འཕེལ་ཚད་སྟངས་འཛིན་གྱི་ཁྲིམས་འཆར་ཞིག་བཏོན་འདུག་ཀྱང་། ད་བར་གྲོས་ཚོགས་ནང་འོས་ཤོག་འཕེན་ཐུབ་མེད་འདུག
རྒྱ་གར་གྱི་མངའ་སྡེའི་གྲོས་ཚོགས་འཐུས་མི་ཞིག་གིས་བརྒྱུད་ལམ་ཁག་ཏུ། རྒྱ་གར་ནང་ས་ཆ་སྟོང་པ་ཇེ་ཆུང་དུ་འགྲོ་བཞིན་ཡོད་ཀྱང་། མི་འབོར་འཕེལ་བཞིན་པ་དང་། ཁང་པ་རྒྱག་སའི་ས་ཆ་མེད་པ་ཆགས་བཞིན་ཡོད་པས། གནས་སྟངས་འདི་འདྲའི་འོག་མི་འབོར་འཕེལ་ཚད་སྟངས་འཛིན་དགོས་པ་དང་། ལས་དོན་དེ་ད་ལྟ་ལག་བསྟར་མ་བྱས་ཚེ་རྗེས་སུ་འཕྱི་དྲགས་རྒྱུ་ཡིན་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།