ཨི་ཛེ་རིལ་ནས་ཐོན་པའི་མཉེན་ཆས་ཤིག་སྲིད་གཞུང་ཚོས་སོ་ལྟ་བྱེད་ཆེད་དུ་བེད་སྤྱོད་བྱེད་བཞིན་ཡོད་འདུག

རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་སྲིད་གཞུང་ཚོས་བརྒྱུད་ལམ་འདྲ་མིན་ཐོག་ནས་མི་མང་དང་། མཐུན་ཕྱོགས་རྒྱལ་ཁབ་དང་འགལ་ཟླ་ཡོད་པའི་རྒྱལ་ཁབ་སོགས་ལ་སོ་ལྟ་བྱེད་ཀྱི་ཡོད་པ་ལྟར། ཐེངས་འདིར་རྒྱལ་སྤྱིའི་ནང་སྲིད་དོན་མི་སྣ་དང་གསར་འགོད་པ། ཁྲིམས་རྩོད་པ། ལས་འགུལ་བ་སོགས་ལ་སོ་ལྟ་བྱེད་ཆེད་དུ་སྲིད་གཞུང་ཚོས་ཨི་ཛེ་རིལ་ནས་ཐོན་པའི་མཉེན་ཆས་ཤིག་བེད་སྤྱོད་གཏོང་གི་ཡོད་པའི་གསང་བ་ཕྱིར་ཐོན་འདུག 

ཟླ་༧ པའི་ཚེས་༡༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་བའི་ཆར་ཨི་ཛེ་རིལ་གྱི་སོ་མྱུལ་ཚོང་ལས་ཁང་(NSO) ནས་བཟོ་སྐྲུན་བྱས་པའི་མཉེན་ཆས་(Pegasus) ཞེས་པ་དེ། རྒྱལ་སྤྱིའི་ནང་དབང་ཆ་གཅིག་སྡུད་ཀྱི་སྲིད་གཞུང་ཚོས། སྲིད་དོན་མི་སྣ་དང་གསར་འགོད་པ། ཁྲིམས་རྩོད་པ། ལས་འགུལ་བ་སོགས་ལ་སོ་ལྟ་བྱེད་ཆེད་དུ་ལོག་སྤྱོད་བྱས་དང་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་༢༠༡༦ ལོ་ནས་མཉེན་ཆས་དེ་ཉོ་མཁན་ཚོས་སོ་ལྟ་བྱེད་ཡུལ་ལམ་བྱེད་འདོད་ཡོད་པའི་ཁ་པར་ཨང་གྲངས་༥༠,༠༠༠  ཡི་གྲངས་ཐོའི་གསང་བ་ཕྱིར་ཐོན་ཡོད་འདུག 

དེ་ཡང་ཁ་པར་ཨང་གྲངས་ཀྱི་གྲངས་ཐོ་དེ་དག་ནང་དུ་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་སྲིད་བློན། ཨ་རབ་རྒྱལ་ཁབ་ཁག་གི་རྒྱལ་པོའི་ནང་མི། གཞུང་ཚབ། སྲིད་དོན་མི་སྣ། ལས་འགུལ་བ། ཚོང་ལས་ཁང་ཁག་གི་འགན་འཛིན། གསར་འགོད་པ་སོགས་ཀྱི་ཁ་པར་ཨང་གྲངས་ཡོད་འདུག་པ་དང་། གསང་བའི་གྲངས་ཐོ་དེའི་ནང་མཉེན་ཆས་ཉོ་མཁན་རྒྱལ་ཁབ་སུ་དང་སུ་ཡིན་མིན་གསལ་སྟོན་བྱས་མེད་ཀྱང་། ཁ་པར་ཨང་གྲངས་དེ་དག་ལ་ཉམས་ཞིབ་བྱས་པ་བརྒྱུད། ཁ་པར་ཨང་གྲངས་མང་ཆེ་བ་དེ་རྒྱ་གར་དང་སོ་ཌི་ཨ་རབ། མེག་སི་ཁོ། ཨཱ་ཛེར་བྷ་ཇན། བྷ་ཧེ་རན། ཧང་གྷེ་རི། ཀཱ་ཛག་སེ་ཐན། མཱོ་རོ་ཀཱོ རཱ་ཝན་ཌ། ཨ་རབ་མཉམ་འབྲེལ་རྒྱལ་ཁབ་བཅས་ནས་ཡིན་འདུག 

དེ་ཡང་ཨི་ཛེ་རིལ་ནས་ཐོན་པའི་མཉེན་ཆས་དེས་དམིགས་འབེན་བྱེད་ཡུལ་གྱི་མི་སྣ་དེའི་ཁ་པར་ནང་དུ་འཇབ་རྒོལ་བྱས་ནས། གློག་འཕྲིན་དང་འཕྲིན་ཐུང་། པར་སོགས་ལྟ་ཀློག་བྱེད་ཐུབ་པ་མ་ཟད། ཁ་པར་ཐོག་གི་སྐད་ཆ་རྣམས་སྒྲ་འཇུག་བྱེད་པ། དེ་བཞིན་ཁ་པར་གྱི་(Microphone) བརྒྱུད་ནས་གཡས་གཡོན་གྱི་སྐད་ཆ་ཉན་པ་སོགས་བྱེད་ཐུབ་ཀྱི་ཡོད་འདུག 

གྲངས་ཐོ་དེའི་ནང་རྒྱལ་སྤྱིའི་གསར་འགོད་པ་༡༨༠ ལྷག་གི་ཁ་པར་ཨང་གྲངས་ཡོད་འདུག་པ་དང་། རྒྱ་གར་གྱི་གསར་འགོད་པ་ཁག་ཅིག་ཁ་པར་ཨང་གྲངས་ཀྱང་ཡོད་པ་འདུག་པས། གསར་འགོད་པ་དེ་དག་གི་སོ་ལྟ་བྱེད་མཁན་ནི་རྒྱ་གར་དབུས་གཞུང་ཡིན་པ་ཚོད་དཔག་བྱེད་བཞིན་ཡོད་འདུག 

ཨི་ཛེ་རིལ་གྱི་ཚོང་ལས་ཁང་དེས་གསང་བ་ཕྱིར་བསྒྲགས་བྱས་པའི་གནས་ཚུལ་དེ་ནི་བདེན་པ་མིན་པ། ཚོང་ལས་ཁང་དེའི་མཉེན་ཆས་ནི་འཇིགས་སྐུལ་རིང་ལུགས་པ་དང་ཁྲིམས་འགལ་གྱི་བྱ་སྤྱོད་ཁག་བཀག་འགོག་བྱེད་ཆེད་དུ། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡག་པོ་ཡོད་པའི་སྲིད་གཞུང་ཁག་ལ་མཉེན་ཆས་དེ་བཙོང་གི་ཡོད་སྐོར་བརྗོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།