ཨ་རིའི་མི་མང་གི་བརྒྱ་ཆ་༨༡ གིས་རྒྱ་ནག་གི་ཤུགས་རྐྱེན་དང་ཉེན་ཁར་སེམས་ཁྲལ་བྱེད་ཀྱི་ཡོད་འདུག
ཉེ་ཆར་གསར་དུ་བཏོན་པའི་རྒྱལ་ཡོངས་ཞིབ་འཇུག་ཅིག་གི་གྲུབ་དོན་ནང་། ཨ་རིའི་མི་མང་གི་བརྒྱ་ཆ་ ༨༡ གིས་རྒྱ་ནག་གི་ཤུགས་རྐྱེན་དང་ཉེན་ཁ་ལ་སེམས་ཁྲལ་བྱེད་བཞིན་ཡོད་འདུག
ཨ་རིའི་གྲོང་ཁྱེར་ཨེ་ཌི་ལན་ཏྲ་(Atlanta) ལ་རྟེན་གཞི་བྱས་པའི་ཋ་ཧྥལ་གྷར་ཞིབ་འཇུག་ཁང་(Trafalgar Group) ནས་ཕྱི་ཟླ་༧ ཚེས་༡༢ ནས་ཚེས་༡༣ བར་ཉིན་གཉིས་ཀྱི་རིང་ལ་མི་༡,༠༠༨༩ ཡི་བསམ་ཚུལ་བསྡུ་ལེན་བྱས་པ་ལས། བརྒྱ་ཆ་༨༡ གིས་ཨ་རིའི་གཞུང་དང་། རིག་གཞུང་། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐེབས་བཞིན་པའི་རྒྱ་ནག་གི་ཤུགས་རྐྱེན་དང་ཉེན་ཁ་ལ་སེམས་ཁྲལ་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་འདུག
ཨོ་བྷ་མའི་སྲིད་འཛིན་དུས་ཡུན་དང་པོའི་སྐབས་སུ། ཨ་རིའི་ནང་དུ་རྒྱ་ནག་ལ་ལྟ་ཚུལ་ངན་པ་འཛིན་མཁན་ལས་བཟང་པོ་འཛིན་མཁན་མང་བ་བྱུང་ཡོད་འདུག་ཀྱང་། ཊོམ་སྲིད་གཞུང་དང་རྒྱ་ནག་གཉིས་ཀྱི་བར་དུ་ཚོང་དམག་གིས་མཚོན་པའི་འགལ་ཟླ་སྣ་ཚོགས་བྱུང་བའི་རྗེས། རྒྱ་ནག་ལ་ལྟ་ཚུལ་འགྱུར་ནས་ལྟ་ཚུལ་ངན་པ་འཛིན་མཁན་མང་དུ་ཕྱིན་པ་མ་ཟད། ༢༠༡༩ ལོར་ད་ལྟ་ཡང་འབྱུང་ཁུངས་དངོས་གང་ཡིན་རྩད་ཆོད་མ་ཐུབ་པའི་ཝུའུ་ཧན་ཏོག་དབྱིབས་ནད་ཡམས་(ཡོངས་གྲགས་སུ་Covid-19ཟེར།) བྱུང་བ་ནས་བཟུང་། འཛམ་གླིང་མི་མང་གི་མིག་ལམ་དུ་རྒྱ་ནག་གི་སྣང་བརྙན་ཡོངས་སུ་འགྱུར་ནས་ཡོད་འདུག
སྤྱིའི་ཆ་ནས་བཤད་ན། ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀའི་ནང་དུ་རྒྱ་ནག་གི་ཐོག་ལ་སེམས་ཁྲལ་དང་འཇིགས་སྣང་ཡོང་གི་ཡོད་འདུག་ཀྱང་། ཆབ་སྲིད་ཚོགས་པ་གཉིས་ལས་སྤྱི་འཐུན་ཚོགས་པས་གནད་དོན་དེའི་ཐོག་སེམས་ཁྲལ་ཆེ་བ་བྱེད་ཡོད་འདུག་སྟེ། ཐེངས་འདིའི་ཞིབ་འཇུག་གྲུབ་དོན་ནང་དུ་སྤྱི་འཐུན་ཚོགས་པའི་རྗེས་འབྲང་བའི་བརྒྱ་ཆ་ ༩༠ ལྷག་གིས་རྒྱ་ནག་ལ་སེམས་ཁྲལ་བྱེད་ཀྱི་ཡོད་སྐོར་བརྗོད་འདུག་རུང་། མང་གཙོ་ཚོགས་པའི་ནང་དུ་བརྒྱ་ཆ་ ༧༡ བྱུང་ཡོད་འདུག
ཨ་རིའི་ཆབ་སྲིད་ལས་འགུལ་བ་མཱར་ཁི-མ་ཁལ་(Mark Meckler) གྱིས་ཐེངས་འདིའི་ཞིབ་འཇུག་གྲུབ་དོན་དེ་ཧ་ལས་པ་དང་ཧང་སང་བ་ཞིག་མ་ཡིན་པ་དང་། མི་རྣམས་ཀྱིས་ཁོང་ལ་ཉིན་ལྟར་རྒྱ་ནག་གི་ཉེན་ཁར་སེམས་ཁྲལ་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་འདུག
ཁོང་གིས་ཨ་རིའི་གསར་ཁང་གཅིག་ལ་“མི་མང་ཚོས་རྒྱ་ནག་དམར་ཤོག་ཚོགས་པས་འཛམ་གླིང་ལ་ཆགས་འཇིག་གི་ཉེན་ཁ་སྤྲོད་བཞིན་ཡོད་པ་དེ་རྟོགས་ཀྱི་ཡོད་”ཅེས་བརྗོད་དེ་ད་ལྟ་འཛམ་གླིང་མི་མང་གིས་རྒྱ་ནག་གི་རང་བཞིན་དང་དམིགས་ཡུལ་དངོས་མཐོང་བའི་འགོ་རྩོམ་བཞིན་ཡོད་པ་བསྟན་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།
