བོད་ཀྱི་ཟློས་གར་ཚོགས་པའི་དབྱར་སྐྱིད་སྐབས་སུ་རྔོན་པ་རུ་ཁག་ལ་ཐེངས་འདིའི་རྐང་བྲོ་གླུ་གཞས་ཀྱི་རྒྱལ་ཁ་ཐོབ།
བོད་ཀྱི་ཟློས་གར་ཚོགས་པའི་དབྱར་སྐྱིད་མཛད་སྒོའི་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གྲོས་ཚོགས་ཚུགས་མ་ཐུབ་པའི་གནད་དོན་དང་འབྲེལ་ནས་གསུང་དོན་ལ། ང་ཚོ་ནང་ཁུལ་གྱི་གནས་ཚུལ་ལ་བརྟེན་ནས་ཕྱོགས་ལྷུང་རི་ལྟ་བུ་འཁྱེར་ནས་བསྡད་པ་འདིས་དངོས་ཡོད་གནས་སྟངས་དང་མི་མཐུན་པ་ཞིག་ཡིན་པར་ཚང་མས་ཤེས་ཀྱི་ཡོད་པ་དང་། དེ་བཞིན་ཤེས་ཡོན་ཡོད་ཟེར་མཁན་ཡོད་པ་རེད། ཉམས་མྱོང་ཡོད་ཟེར་མཁན་ཡོད། འོན་ཀྱང་མཐར་ཐུག་དུས་ཆུང་ཆུང་ཞིག་ལས་རྒྱ་ཆེ་སར་བསམ་བློ་བཏང་མི་ཐུབ་པའི་གནས་སྟངས་ཤིག་ཡོང་བཞིན་འདུག ཕྱོགས་གཅིག་ནས་བལྟས་པ་ཡིན་ན་ཞབས་འདྲེན་རེད། ལུང་པ་ཡོད་པ་མ་རེད། ས་ལག་མཐིལ་ཙམ་ཡང་མེད། ང་ཚོ་ནང་ཁུལ་འཁྲུག་རྩོད་བྱེད་བཞིན་ཡོད་པ་རེད་ཅེས་གསུངས་སོང་།
ཟླ་༨ པའི་ཚེས་༡༡ ཉིན་བཞུགས་སྒར་རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་༦༢ འཁོར་བའི་དུས་དྲན་དང་བསྟུན། རྒྱ་ལུ་རུ་ཁག་དང་རྔོན་པ་རུ་ཁག་གཉིས་དབར་རྐང་བྲོ་གླུ་གཞས་འགྲན་སྡུར་བྱས་པ་དང་། དེ་ཡང་རུ་ཁག་གཉིས་ཀྱིས་རྐྱང་གཞས་གཅིག་རེ་དང་། འཁྲབ་གཞས་གཉིས་རེ། དེ་བཞིན་མཉམ་གཞས་གཅིག་རེ་འབུལ་ལམ་ཞུས་ནས། མཐའ་མ་དེར་བརྒྱ་ཆ་ཕྱོགས་བསྡོམས་བྱས་པའི་གྲུབ་དོན་དུ་རྔོན་པ་རུ་ཁག་གིས་རྒྱལ་ཁ་བླངས་སོང་།
སྐབས་དེར་དམིགས་བསལ་སྐུ་མགྲོན་ཨ་རུ་ན་ཅལ་མངའ་སྡེ་གཞུང་གི་ཆོས་རིག་ལས་ཁང་གི་དབུ་འཛིན་འཇམ་དཔལ་དབང་འདུས་ཀྱིས་འཚམས་འདྲི་དང་འབྲེལ། ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོས་བོད་ཀྱི་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་༦༢ འཁོར་བའི་དུས་དྲན་ཐོག་འཚམས་འདྲིའི་གསུང་འཕྲིན་གནང་བ་དེ་ཉིད་སྒྲོགས་སྦྱང་གནང་སྟེ་སྔར་ཡོད་མོན་གྱི་སྲོལ་རྒྱུན་རིག་གཞུང་རྣམས་མི་ཉམས་གོང་སྤེལ་སླད། རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་པར་ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་གི་རིག་གཞུང་འཁྲབ་སྟོན་བསྟི་གནས་ཀྱི་སློབ་ཕྲུག་རྣམས་ལ་གླུ་གར་དང་རོལ་མོ་སོགས་ཀྱི་ཟབ་སྦྱོང་གནང་རྒྱུའི་ལས་རིམ་འདི་བཞིན་ཇི་ལྟར་འགོ་བཙུགས་གནང་བའི་ཡོད་སྐོར་དང་། ད་ཆ་བོད་ཀྱི་ཟློས་གར་ཚོགས་པས་ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་གི་རིག་གཞུང་འཁྲབ་སྟོན་བསྟི་གནས་ཀྱི་སློབ་ཕྲུག་གྲངས་དགུ་ལ་ཟླ་བ་གསུམ་རིང་གླུ་གར་དང་རོལ་མོ་སོགས་ཀྱི་ཟབ་སྦྱོང་གནང་གི་ཡོད་སྟབས། མོན་རྟ་དབང་གི་མང་ཚོགས་ནས་ཀྱང་དེར་དགའ་མོས་ཧ་ཅང་གནང་བཞིན་ཡོད་པ་མ་ཟད། བོད་ཀྱི་ཟློས་གར་ཚོགས་པའི་སྡིངས་ཆའི་སྟེང་འཁྲབ་སྟོན་གནང་རྒྱུ་བྱུང་བ་དང་ཟབ་སྦྱོང་གི་གོ་སྐབས་བཟང་པོ་བྱུང་བ་འདི་ནི་བསོད་ནམས་ཆེན་པོ་ཞིག་ཡིན་བསམ་པ་དྲན་གྱི་ཡོད། ང་ཚོས་ཐུན་མིན་ཆོས་དང་རིག་གཞུང་རྣམས་གཅིག་མཚུངས་ཡིན་པར་བརྟེན་བོད་ཀྱི་ཟློས་གར་ཚོགས་པ་འདི་བཞིན་རིག་གཞུང་དང་སྐད་ཡིག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་ཐད་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང་གི་ཡོད་པར་བརྟེན་ཁོང་རྣམ་པ་ཟབ་སྦྱོང་དུ་བཅར་བ་ཡིན་སྐོར་དང་། དེ་བཞིན་ཉེ་ལམ་སྲིད་སྐྱོང་སྤེན་པ་ཚེ་རིང་དང་མཇལ་འཕྲད་ཀྱི་གོ་སྐབས་ཐོབ་པ་ཙམ་མ་ཟད། སྲིད་སྐྱོང་གིས་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་ཡོད་སྟབས། ངས་དེ་རིང་གོ་སྐབས་འདི་བརྒྱུད་ཨ་རུ་ན་ཅལ་མི་མང་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། སྔར་ཡོད་སྲོལ་རྒྱུན་གྱི་གླུ་གཞས་དང་འཁྲབ་སྟོན་སོགས་འཁྲབ་པ་ཙམ་མ་ཟད། རིག་གཞུང་གི་ངོ་བོ་དེ་སོ་སོའི་རྒྱུད་ལ་སྦྱར་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། བོད་ཀྱི་ཟློས་གར་ཚོགས་པའི་ངོས་ནས་ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་གི་རིག་གཞུང་འཁྲབ་སྟོན་བསྟི་གནས་ཀྱི་སློབ་ཕྲུག་རྣམས་ལ་མུ་མཐུད་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་སོགས་ཀྱི་གསུང་བཤད་གནང་སོང་། དེ་རྗེས་བོད་ཀྱི་ཟློས་གར་ཚོགས་པར་མི་ལོ་༢༠ ཧྲིལ་པོར་ཞབས་འདེབས་ཞུས་པའི་ལས་བྱེད་རྣམས་ལ་ལེགས་སྐྱེས་ཕུལ་གནང་སོང་།
སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བོད་ཀྱི་ཟློས་གར་ཚོགས་པའི་བསླབ་གཞི་རྩ་འཛིན་དེབ་ཕྲེང་གསུམ་དང་ཆོས་རྒྱལ་ཁྲི་རལ་པ་ཅན་གྱི་མཛད་རྣམ་འཁྲབ་གཞུང་གི་དཔེ་དེབ་དབུ་འབྱེད་གནང་བ་དང་སྦྲགས། འགྲན་སྡུར་གྱི་བྱ་དགའ་བཅས་གསོལ་རས་གནང་སྟེ་བོད་དང་ཧི་མ་ལ་ཡའི་འབྲེལ་ལམ་ཐོག་གསུང་བཤད་གནང་དོན། ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་གི་རིག་གཞུང་འཁྲབ་སྟོན་བསྟི་གནས་ཁང་དེ་ཉིད་ཕྱི་ལོ་༢༠༡༧ ལོ་ནས་དཀའ་ལས་བརྒྱབ་སྟེ་གསར་བཙུགས་གནང་ཐུབ་པ་བྱུང་བ་རེད། གལ་ཏེ་དེ་སྔ་ནས་འགོ་བཙུགས་ཐུབ་ཡོད་ན། ད་ཆ་གང་ཙམ་ཆགས་ཡོད། གོང་དུ་བོད་ཀྱི་ཟློས་གར་ཚོགས་པའི་དྲུང་ཆེས་གསུངས་པ་ལྟར་དེ་སྔ་འབྲས་ལྗོངས་ཁུལ་གྱི་སློབ་མ་ཁག་གཅིག་ལའང་ཟབ་སྦྱོང་སྤྲད་པ་དང་། གང་ལྟར་ཧི་མ་ལ་ཡའི་རི་རྒྱུད་ཡོངས་སུ་རྫོགས་པ་བོད་ཀྱི་ས་མཚམས་ལ་འཁེལ་གྱི་ཡོད་པ་མ་ཟད། ཆོས་དང་རིག་གཞུང་གི་ཐོག་ནས་ཐུན་མོང་གི་རིག་གཞུང་དང་རིག་གནས་ཡོད་པའི་གནས་སྟངས་ཀྱི་འོག་ནས་ང་ཚོ་འདིར་སྐྱབས་བཅོལ་ལ་གནས་ཡོད་ནའང་། ཧི་མ་ལ་ཡའི་རི་རྒྱུད་ལ་ནང་ཆོས་ཀྱི་ཐོག་ནས་བོད་པའི་དགོན་སྡེ་ཁག་གི་ནང་དུ་བོད་མི་ལས་ཧི་མ་ལ་ཡ་རི་རྒྱུད་མང་བ་ཆགས་ཡོད། དེ་བཞིན་རིག་གཞུང་ཐོག་ནས་ང་ཚོ་འབྲེལ་བ་རྙིང་པ་ཡོད་པ་དང་། འབྲེལ་བ་གསར་དུ་བཟོ་རྒྱུའི་གནས་སྟངས་མང་པོ་ཞིག་ཆགས་བཞིན་ཡོད། སྨན་གྱི་ཐོག་ནས་ཀྱང་ཧི་མ་ལ་ཡའི་རི་རྒྱུད་དང་ང་ཚོའི་དབར་འབྲེལ་བ་ཧ་ཅང་ཤུགས་ཆེན་པོ་ཆགས་ཀྱི་ཡོད། སྐབས་རེ་ང་ཚོའི་ངོས་ནས་ཕར་འབྲེལ་བ་ཞུ་སྟངས་ཀྱི་ཐོག་ནས་ཡིན་ནའང་འདྲ་འདུག དེ་བཞིན་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ངོས་ནས་ཚུར་འབྲེལ་བ་གནང་སྟངས་ཀྱི་ཐོག་ནས་ཡིན་ནའང་འདྲ་འདུག སྐབས་འགར་ཕན་ཚུན་ཕྲན་བུ་མཐོ་དམན་འགྲོ་མི་སྲིད་པ་མ་རེད། འོན་ཀྱང་ཁྱོན་ཡོངས་ནས་འབྲེལ་བ་ཧ་ཅང་བཟང་པོ་ཡོད། གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་དགོངས་གཞི་འོག་ནས་ཡོང་བཞིན་ཡོད་པ་ཧ་ཅང་གསལ་པོ་རེད།
དགོན་སྡེ་ཁག་གི་ནང་དུའང་གྲྭ་བཙུན་མང་དུ་འགྲོ་བཞིན་པ་དེ་དག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་གཞི་ལ་བཞག་ནས་ཡོང་བཞིན་ཡོད་པ་དེ་དག་ཧི་མ་ལ་ཡ་ཙམ་དུ་མ་ཟད། ༸རྒྱལ་བ་རིན་པོ་ཆེའི་དགོངས་པ་བོད་ཀྱི་གཅེས་ནོར་ནང་ཆོས་འདི་བོད་པ་ཙམ་མིན་པར་མི་རིགས་གཞན་སུ་འདྲ་ཞིག་ཡིན་རུང་ཚང་མར་ཐུགས་ཕན་གསོ་བའི་ཆོས་ཤིག་ཡོད་སྟབས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པར་དགོན་སྡེ་ཁག་ཡིན་ནའང་ནཱ་ལེནྡྲ་གཙུག་ལག་སློབ་གཉེར་ནང་བཞིན་དང་། ཡང་ན་International Buddhist Studies ནང་ལྟར་སྒྱུར་ཐུབ་པའི་ཐུགས་རེ་གནང་གི་ཡོད་པ་རེད། ཐུགས་རེ་གནང་བ་ནང་བཞིན་འགྲུབ་དང་མ་འགྲུབ་ང་ཚོའི་ལག་ཏུ་རག་ལུས་ཡོད་པར་བརྟེན་ཚང་མས་འབད་བརྩོན་གནང་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་ནི་ཧ་ཅང་གི་བརླབས་ཆེན་རེད། བོད་མི་ཙམ་དུ་མ་ཟད་མི་རིགས་ཡོངས་ལ་ཕན་ཐོགས་ཐུབ་པ་ཞིག་ཡིན་པར་བརྟེན་ད་ཆ་བསམ་བློ་གཏོང་ཡོང་དུས་མགོན་པོ་གང་ཉིད་ཀྱི་དགོངས་པ་འདི་བཞིན་ཧ་ཅང་གི་རླབས་ཆེན་ཞིག་ཡིན་པ་དྲན་གྱི་འདུག རིག་གནས་གཞན་དག་རྣམས་ཀྱི་ཐད་ང་ཚོ་དང་ལྷན་འབྲེལ་བ་དམ་ཟབ་ཆེ་རུ་འགྲོ་རྒྱུ་དང་། རྩ་བའི་ང་ཚོར་ལུང་པ་མེད། འོན་ཀྱང་མཐུན་རྐྱེན་དེ་ལྟར་སྦྱོར་ཐུབ་པ་འདི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བསྟན་བདག་བླ་ཆེན་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་ཡོང་བ་ཞིག་ཡིན་པར་བརྟེན་བཀའ་དྲིན་རྗེས་སུ་དྲན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས་སོང་།
དེ་རྗེས་སྲིད་སྐྱོང་གིས་དབྱར་སྐྱིད་ཀྱི་འཁྲབ་སྟོན་དང་འབྲེལ་ནས་གསུང་དོན་ལ། དེ་རིང་གི་དབྱར་སྐྱིད་དུས་སྟོན་དང་འབྲེལ་བའི་ཐོག་རྐང་བྲོ་གླུ་གཞས་འཁྲབ་རྒྱུ་དང་། གླུ་གཞས་གཏོང་རྒྱུ། དེ་བཞིན་ནམ་རྒྱུན་ལས་དོན་སྒྲུབ་རྒྱུ་ནི་སྲོལ་རྒྱུན་གྱི་གཞས་སྣ་གལ་ཆེན་པོ་རྩིས་གནང་གི་ཡོད། དབྱར་སྐྱིད་འདི་བཞིན་ལོ་གཅིག་གི་ནང་གོ་སྐབས་གཅིག་རེད། འཁྲབ་སྟོན་པ་དང་དགེ་རྒན། སློབ་སྟོན་པ་རྣམས་ཀྱིས་རང་གི་རིག་པའི་སྩལ་དཀྲུག་སྟེ་རྣམ་དཔྱོད་འདོན་རྒྱུའི་གོ་སྐབས་ཤིག་ཆགས་ཀྱི་ཡོད། ཕྱོགས་མཚུངས་མ་འོངས་པར་ལྟ་ས་ཞིག་ཀྱང་ཆགས་ཀྱི་ཡོད། དེ་རིང་གི་བརྗོད་གཞིར་ཆ་མཚོན་ན། གཞས་སྣའི་ནང་དགའ་སྐྱོའི་ཚོར་བ་སྣ་ཚོགས་ལྡན་འདུག་པ་དེ་ཡོང་དགོས་ཀྱི་ཡོད། བོད་ནང་གི་དངོས་ཡོད་གནས་སྟངས་དང་གནའ་རབས་ཀྱི་གཞས་ཁག་གཅིག་བཏང་གནང་སོང་། དེའི་ནང་གོ་བ་ལེན་དགོས་རྒྱུ་མང་པོ་ཞིག་ཡོད་པ་རེེད། གཞས་སྣ་རེ་རེར་བལྟས་པའི་སྐབས་རྒྱབ་ལྗོངས་གང་ཡིན་པ་དང་དཀའ་ལས་མང་པོ་ཞིག་བརྒྱབ་ཡོད་པ་མ་ཟད། མིའི་སེམས་ནང་འཇུག་པ་དང་འགྱུར་བ་ཐེབས་རྒྱུའི་གནད་དོན་མང་པོ་ཞིག་འདུག་ཅེས་གསུངས་སོང་།
དེ་བཞིན་སྲིད་སྐྱོང་གིས་གྲོས་ཚོགས་ཚུགས་མ་ཐུབ་པའི་གནས་སྟངས་དང་འབྲེལ་ནས་གསུང་དོན་ལ། ང་རང་ཚོ་བཙན་བྱོལ་གནས་སྟངས་འདིའི་འོག་ནས་ཆོལ་ཁ་གསུམ་གཅིག་སྒྲིལ་ཡོང་དང་མི་ཡོང་གི་གནས་སྟངས་ད་ལྟའི་གནས་སྟངས་དང་འཚམ་པའི་ཟློས་གར་གྱི་ངོ་བོའི་ཐོག་ནས་བལྟས་ཚེ་སེམས་འཚབ་ཆེན་པོ་ཞིག་ཡོད་པ་དེ་རིང་ཟློས་གར་གྱི་འཁྲབ་སྟོན་བརྒྱུད་ནས་མཚོན་ཐུབ། གྲོས་ཚོགས་ཚུགས་མ་ཐུབ་པར་བརྟེན་རྒྱལ་སྤྱིའི་ཁྲོད་ང་ཚོའི་མཐུན་ཕྱོགས་རྒྱལ་ཁབ་མང་དག་ཅིག་གིས་སེམས་འཚབ་གནང་བཞིན་ཡོད། གཞིས་བཞུགས་བོད་མི་ཚོས་ཀྱང་སེམས་འཚབ་ཆེན་པོ་བྱེད་ཀྱི་འདུག རྒྱ་ནག་གཞུང་གི་ངོས་ནས་གནས་སྟངས་འདི་གཞི་ལ་བཞག་པའི་ཐོག་ནས་བདེ་སྤྱོད་ལོག་པ་མང་པོ་ཞིག་གཏོང་གི་ཡོད་པ་རེད། ད་ཆ་འཛམ་གླིང་ཁྱོན་ཡོངས་སུ་རྒྱ་ནག་གཞུང་ལ་ལྟ་ཕྱོགས་ཇི་ལྟར་ཡོད་སྐོར་ང་ཚོས་ཤེས་བཞིན་དུ་བོད་ཀྱི་གནད་དོན་རྣམས་རྒྱ་ཁྱབ་ཆེ་རུ་གཏོང་རྒྱུའི་གོ་སྐབས་བཟང་པོའི་དུས་འདིར། ང་ཚོ་ནང་ཁུལ་གྱི་གནས་ཚུལ་ལ་བརྟེན་ནས་ཕྱོགས་ལྷུང་རི་ལྟ་བུ་འཁྱེར་ནས་བསྡད་པ་འདིས་དངོས་ཡོད་གནས་སྟངས་དང་མི་མཐུན་པ་ཞིག་ཡིན་པ་ཚང་མས་ཤེས་ཀྱི་ཡོད། ད་ལྟའི་དུས་ཚོད་ལ་གོ་སྐབས་དམ་འཛིན་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་རིང་ཟློས་གར་གྱི་ལེའུ་གཅིག་གི་ཐོག་ནས་ངོ་བོ་གསལ་པོ་ཞིག་སྤྲད་ཐུབ་སོང་། དེར་བརྟེན་ཚང་མས་བསམ་བློའི་རྒྱབ་ལྗོངས་ལ་གཞི་བཞག་ནས་ང་ཚོ་ནང་ཁུལ་མཐུན་ལམ་ཇི་ལྟར་སྐྲུན་དགོས་པ་ཤེས་ཡོན་ཡོད་ཟེར་མཁན་ཡོད་པ་རེད། ཉམས་མྱོང་ཡོད་ཟེར་མཁན་ཡོད། འོན་ཀྱང་མཐར་ཐུག་དུས་ཆུང་ཆུང་ཞིག་ལས་རྒྱ་ཆེ་སར་བསམ་བློ་བཏང་མི་ཐུབ་པའི་གནས་སྟངས་ཤིག་ཡོང་བཞིན་འདུག
ཕྱོགས་གཅིག་ནས་བལྟས་པ་ཡིན་ན་ཞབས་འདྲེན་རེད། ལུང་པ་ཡོད་པ་མ་རེད། ས་ལག་མཐིལ་ཙམ་ཡང་མེད། ང་ཚོ་ནང་ཁུལ་འཁྲུག་རྩོད་བྱེད་བཞིན་ཡོད། དེའི་སྟེང་ཁ་གཏད་དེ་རྒྱ་ནག་ལྟ་བུ་ཐུག་ཡོད། དེ་འདྲའི་དཀའ་ངལ་ཞིག་གི་འོག་ནས་གདོང་ལེན་བྱེད་དགོས་རྒྱུའི་གནས་སྟངས་དང་། ད་ལྟའི་དུས་སུ་སྔར་དང་མི་འདྲ་བའི་གོང་བུ་གཅིག་སྒྲིལ་དགོས་པའི་གནས་སྟངས་ཡིན་ནའང་གནས་སྟངས་འདི་འདྲ་ཞིག་གི་ནང་ལྷུང་ཡོད་པ་འདི་སེམས་འཚབ་སྐྱེས་འོས་པ་ཞིག་རེད། ང་ཚོར་སེམས་འཚབ་མེད་པ་གང་ཡང་མ་རེད། སེམས་འཚབ་ཡོད། ཡིན་ནའང་ད་ཆ་ལག་པ་བསྡམ་པ་ལྟ་བུའི་གནས་སྟངས་ཤིག་འགྲོ་བཞིན་འདུག འབྲེལ་ཡོད་སུ་ཡིན་ནའང་དེ་དག་ལ་དགོངས་པ་བཞེས་ཏེ་རྒྱ་ཆེ་ས་ནས་བསམ་བློ་བཏང་སྟེ་བོད་སྤྱི་པའི་རྩ་དོན་ལ་དགོངས་པ་བཞེས་ཐུབ་པ་ཡིན་ན། ང་ཚོ་ཚང་མར་ཐུགས་ཕན་གསོ་ཐུབ་པ་ཞིག་ཆགས་ཀྱི་རེད་བསམས་ནས་དེ་རིང་ཟློས་གར་གྱི་འཁྲབ་སྟོན་བརྒྱུད་འདི་གཅིག་ཞུ་འདོད་བྱུང་ཞེས་གསུངས་སོང་།
ཐེངས་འདིའི་དབྱར་སྐྱིད་དུས་སྟོན་གྱི་འགྲན་སྡུར་སྐབས་སུ་རུ་ཁག་གཉིས་ནས་དེ་སྔོན་དང་མི་འདྲ་བར། ཕྱིའི་རྒྱལ་ཁབ་ཀྱི་རོལ་ཆ་གཅིག་ཀྱང་བེད་སྤྱོད་མ་བཏང་བར་བོད་ཀྱི་རོལ་ཆ་ཁོ་ན་དཀྲོལ་གནང་སོང་།།
གསར་འགོད་པ་སྐལ་བཟང་དོན་གྲུབ།