མཐར་ཐུག་གི་དམིགས་ཡུལ་ནི་དོན་དམ་པའི་བྱམས་བརྩེ་ལྡན་པའི་མི་ཞིག་བྱེད་རྒྱུ་དེ་ཡིན་པ་གསུངས་སོང་།
༧གོང་ས་མཆོག་ནས་ང་ཚོའི་མཐར་ཐུག་གི་དམིགས་ཡུལ་ནི་དོན་དམ་པའི་བྱམས་བརྩེ་ལྡན་པའི་མི་ཞིག་བྱེད་རྒྱུ་དེ་ཡིན་པ་དང་། དེ་བཞིན་ནད་ཡམས་ཀྱི་སྐབས་དེར་རེ་བ་བརླག་མི་རུང་བ་སོགས་ཀྱི་བཀའ་སློབ་བསྩལ་གནང་སོང་།

ཨིན་ཌོ་ནེ་ཤི་ཡའི་ནང་པའི་ཆོས་ཚོགས་བཀའ་གདམས་ཆོས་གླིང་གིས་ཇི་ལྟར་སྔོན་ནས་གསོལ་བ་བཏབ་པ་ལྟར། ཟླ་༨ ཚེས་༡༡ ཉིན་གྱི་སྔ་དྲོར་༸གོང་ས་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་ནས་དྲ་ལམ་བརྒྱུད་ཨིན་ཌོ་ནེ་ཤི་ཡའི་རྒྱལ་ཡོངས་སློབ་གྲྭ་འདྲ་མིན་གྱི་སློབ་ཕྲུག་རྣམས་ལ་སྟོན་པ་བཅོམ་ལྡན་འདས་ཀྱི་སྐྱེས་རབས་དང་འབྲེལ་ནས་བཀའ་སློབ་བསྩལ་གནང་སོང་།
༸གོང་ས་མཆོག་གིས་བཀའ་སློབ་བསྩལ་དོན། ཚང་མར་སྔ་དྲོ་བདེ་ལེགས། དེ་རིང་ཨིན་ཌོ་ནེ་ཤི་ཡའི་གཞོན་སྐྱེས་སྤྱི་དང་ལྷག་པར་ནང་ཆོས་ལ་དང་དོད་ཡོད་མཁན་རྣམས་དང་ལྷན་དུ་གོ་བསྡུར་བྱེད་རྒྱུ་ཡིན་པ་རེད། ངོས་རང་ནང་ཆོས་ཉམས་ལེན་པ་ཞིག་ཡིན། ངོས་ཀྱི་འགན་འཁུར་གཅིག་ནི་ཆོས་ལུགས་ཕན་ཚུན་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུ་དེ་ཡིན། ནང་པའི་ཆོས་ལུགས་དང་། ཧིན་རྡུ་ཆོས་ལུགས། གཅེར་བུ་བ། ཁ་ཆེའི་ཆོས་ལུགས། ཡི་ཤུའི་ཆོས་ལུགས། ཇིའུ་ཆོས་ལུགས་སོགས་ལྟ་གྲུབ་ཀྱི་ཆ་ནས་མ་འདྲ་བ་ཡོད་ནའང་། ཆོས་ལུགས་དེ་དག་ཚང་མས་བྱམས་པ་དང་བརྩེ་བ། བཟོད་བསྲན། དྲང་བདེན་སོགས་ཀྱི་བསླབ་བྱ་གཅིག་མཚུངས་སུ་གསུང་གི་ཡོད། གཞན་ཕན་གྱི་བློར་ཡིད་ཆེས་ཤུགས་ཆེ་ཡོང་བར་ལྟ་གྲུབ་མ་འདྲ་བ་དེ་དག་བེད་སྤྱོད་བྱེད་དགོས། ཁག་གཅིག་གིས་འཇིག་རྟེན་བཀོད་པ་པོ་ཡོད་པར་བརྗོད་ཀྱི་ཡོད་པ་དང་། ཁག་གཅིག་གིས་འཇིག་རྟེན་བཀོད་པ་པོ་མེད་པར་བརྗོད་ཀྱི་ཡོད། འདི་ནི་ཐབས་ལམ་ཙམ་རེད། དོན་དངོས་སུ་ང་ཚོ་བྱམས་བརྩེ་ལྡན་པའི་མི་ཞིག་བྱེད་དགོས། ཁ་ཆེ་ལ་མཚོན་ན་འཇིག་རྟེན་བཀོད་པ་པོ་ཨཱ་ལར་ཡིད་ཆེས་བྱེད་ཀྱི་ཡོད། ནང་པ་དང་གཅེར་བུ་བས་འཇིག་རྟེན་བཀོད་པ་པོར་ཡིད་ཆེས་བྱེད་ཀྱི་མེད། འདི་དག་ནི་ཐབས་ལམ་ཙམ་རེད། ང་ཚོའི་མཐར་ཐུག་གི་དམིགས་ཡུལ་ནི་དོན་དམ་པའི་བྱམས་བརྩེ་ལྡན་པའི་མི་ཞིག་བྱེད་རྒྱུ་དེ་ཡིན།
རྒྱ་གར་ནང་འཛམ་གླིང་གི་ཆོས་ལུགས་ཕལ་ཆེ་བ་ཡོད་པ་མ་ཟད། ཆོས་ལུགས་དེ་དག་ལོ་ངོ་སྟོང་ཕྲག་རིང་ཞི་བདེ་དང་འཆམ་མཐུན་ངང་གནས་ཡོད། རྒྱ་གར་ནི་འཛམ་གླིང་གི་མི་འབོར་མང་ཤོས་གྲས་ནས་གཅིག་རེད། རྒྱ་གར་ནང་ཆོས་ལུགས་ཚང་མ་འཆམ་མཐུན་ངང་གནས་ཡོད། དེ་རིང་ངོས་རང་ཨིན་ཌོ་ནེ་ཤི་ཡའི་མཆེད་གྲོགས་ཕོ་མོ་རྣམས་དང་ལྷན་དུ་ཐུག་འཕྲད་བྱ་རྒྱུ་བྱུང་བས་དགའ་པོ་བྱུང་། ཨིན་ཌོ་ནེ་ཤི་ཡ་ནི་འཛམ་གླིང་གི་མི་འབོར་མང་ཤོས་གྲས་ཤིག་རེད། ཆོས་ལ་ཡིད་ཆེས་བྱེད་དང་མ་བྱེད་གང་ཟག་སྒེར་སོ་སོའི་གནད་དོན་རེད། རྩ་བའི་ཆ་ནས་འགྲོ་བ་མི་ཚང་མ་སྐྱེས་པའི་སྐབས་ནས་ཨ་མའི་བྱམས་སྐྱོང་ལ་བརྟེན་ནས་འཚར་ལོངས་འབྱུང་གི་ཡོད། ཨ་མའི་བྱམས་སྐྱོང་མེད་ན་ང་ཚོ་ཙམ་མ་ཟད་ཐ་ན་དུད་འགྲོ་ཚུན་ཆད་ཀྱང་འཚོ་གནས་བྱེད་མི་ཐུབ། ང་ཚོ་འཚོ་གནས་བྱེད་པར་ཆ་རྐྱེན་གཙོ་བོ་ནི་བྱམས་བརྩེ་ཆགས་ཡོད། དེང་སང་སྤྱི་ཚོགས་གང་སར་རྙོག་གྲ་མང་པོ་འདུག འདས་པའི་འགྲོ་བ་མིའི་ལོ་རྒྱུས་ནང་སྤུན་ཟླའི་འདུ་ཤེས་མེད་པ་དང་། བྱམས་བརྩེ་མ་འདང་བ་ལ་བརྟེན་ནས་རྙོག་གྲ་མང་པོ་བྱུང་ཡོད། ཆོས་ལུགས་ཀྱི་སྡེ་ཁག་ལ་བྱམས་བརྩེ་གོང་མཐོར་གཏོང་རྒྱུར་དམིགས་བསལ་འགན་ཡོད། འཛམ་གླིང་གི་མི་འབོར་ཐེར་འབུམ་བདུན་ཚང་མ་སྤུན་ཟླ་ཡིན་པ་ལྟར་འཚོ་གནས་བྱེད་དགོས། ཆོས་ལུགས་ཀྱི་མི་སྣ་དང་། ལྷག་པར་ཁ་ཆེའི་ཚོགས་སྡེ་ཁག་ལ་ཆོས་ལུགས་མཐུན་སྒྲིལ་གཞིར་བཞག་ཐོག་འཛམ་གླིང་ཞི་བདེ་ལྡན་པ་ཞིག་སྐྲུན་རྒྱུའི་དམིགས་བསལ་གོ་སྐབས་ཡོད། ངོས་རང་ཁ་ཆེའི་མི་འབོར་མང་ཤོས་ཡོད་མཁན་གྱི་ལུང་པ་ཨིན་ཌོ་ནེ་ཤི་ཡའི་གཞོན་སྐྱེས་ཚོ་དང་ལྷན་ཐུག་འཕྲད་བྱ་རྒྱུ་བྱུང་བས་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་སོང་།
དེ་བཞིན་མགོན་པོ་གང་ཉིད་ཀྱིས་བཀའ་སློབ་བསྩལ་དོན། བྱང་ཆུབ་ཀྱི་སེམས་ཟེར་བ་དེ་ཧ་ཅང་རྩ་ཆེན་པོ་རེད། རང་གཞན་དོན་ནི་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། ཟེར་བ་དེ་དཔེ་རེད། རང་དོན་སྒྲུབ་ནའང་བྱང་ཆུབ་ཀྱི་སེམས་སྒོམ། གཞན་དོན་སྒྲུབ་ནའང་བྱང་ཆུབ་ཀྱི་སེམས་སྒོམ། སྡིག་སྒྲིབ་སྦྱོང་བར་བྱང་ཆུབ་ཀྱི་སེམས་སྒོམ། ཚོགས་གསོག་པར་བྱང་ཆུབ་ཀྱི་སེམས་སྒོམ་དགོས་རེད། ཆོས་པ་ཡིན་དང་མིན། ནང་པ་ཡིན་དང་མིན་གྱི་སྐད་ཆ་མེད། སྤྱོད་འཇུག་ལས། བདག་བདེ་གཞན་གྱི་སྡུག་བསྔལ་དག ། ཡང་དག་བརྗེ་བར་མ་བྱས་ན།། སངས་རྒྱས་ཉིད་དུ་མི་འགྲུབ་ཅིང་།། འཁོར་བ་ན་ཡང་བདེ་བ་མེད།། དེ་བས་སྐྱོ་ངལ་ཀུན་སེལ་བའི།། བྱང་ཆུབ་སེམས་ཀྱི་རྟར་ཞོན་ནས།། བདེ་ནས་བདེ་བར་འགྲོ་བ་ལ།། སེམས་ཤེས་སུ་ཞིག་སྒྱིད་ལུགས་འགྱུར་ཞེས་དང་།། རང་གཅེས་འཛིན་རྐྱང་རྐྱང་བསམ་བློ་བཏང་། གཞན་གཅེས་འཛིན་གྱི་བསམ་བློ་མེད་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་རྒྱུ་ཕར་བཞག སྲིད་པའི་འཁོར་བར་གནས་པའི་རིང་ལའང་སྡུག་བསྔལ་མ་གཏོགས་བདེ་བ་མི་འདུག་ཅེས་སོགས་ཀྱི་བཀའ་སློབ་བསྩལ་གནང་སོང་།
དེ་བཞིན་སློབ་མ་ཁག་གི་དྲི་བ་འབྲེལ་ནས། ནད་ཡམས་ཀྱི་སྐབས་དེར་རེ་བ་བརླག་མི་རུང་བ་དང་། གལ་ཏེ་ང་ཚོའི་རེ་བ་བརླག་ཚེ། དེ་ནི་ཕམ་ཁ་ངོ་མ་དེ་ཡིན་པ། ཁོང་རང་ཉིད་ཀྱི་མི་ཚེའི་ནང་ལའང་དཀའ་ངལ་མང་པོ་ཕྲད་མྱོང་ཡང་ད་བར་རེ་བ་དོར་མྱོང་མེད་པ། རྟག་ཏུ་ཐབས་ཤེས་བྱས་ཏེ་རེ་བ་དང་ཞི་བདེ་རྒྱུན་གནས་ཡོང་ཐབས་བྱས་ཡིན་སྐོར་དང་། དེ་བཞིན་རྒྱལ་ཁབ་དེར་ཡོད་པའི་Borobudu དགོོན་པ་རྩ་ཆེན་པོ་ཡིན་ཡང་། གཙོ་བོ་ནང་སེམས་ཀྱི་དགོན་པ་གལ་ཆེན་པོ་ཡིན་པ། ཞལ་འདོན་ཙམ་མིན་པར་བྱམས་བརྩེ་དང་རྣམ་དཔྱོད་གཉིས་ཟུང་སྦྲེལ་བྱས་ཏེ་འཛམ་གླིང་འདི་བདེ་སྐྱིད་ལྡན་པ་ཞིག་ཏུ་སྒྱུར་ཐབས་བྱེད་དགོས་པ་ཡིན་སྐོར་བཀའ་ལན་བསྩལ་གནང་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།