ཨ་རིའི་གཞུང་ཚབ་པས་ལྡི་ལིའི་དོན་གཅོད་འབྲོང་ཆུང་དངོས་གྲུབ་དང་མཇལ་འཕྲད་གནང་བར་རྒྱ་ནག་གི་ངོ་རྒོལ།
ཨ་རིའི་གཞུང་ཚབ་པ་དང་ལྡི་ལིའི་དོན་གཅོད་འབྲོང་ཆུང་དངོས་གྲུབ་གཉིས་ཀྱིས་ཕན་ཚུན་མཇལ་འཕྲད་དང་གླེང་མོལ་བྱས་པར། རྒྱ་ནག་གིས་“རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་”བྱེད་མི་ཆོག་ཅེས་བཤད་དེ་ངོ་རྒོལ་ཤུགས་ཆེན་བྱས་འདུག
བདུན་འདིའི་རེས་གཟའ་མིག་དམར་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་ཨ་རིའི་གཞུང་ཚབ་པ་ཨ་ཋལ-ཁཱ་ཤབ་(Atul Keshap) ཀྱིས་ལྡི་ལིའི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་དང་མཇལ་འཕྲད་གནང་ནས། ཨ་རིས་བོད་ཀྱི་གནད་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་རྣམ་འགྱུར་བསྟན་རྗེས། ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པ་ཝང་-ཤོ་ཇན་(Wang Xiaojian) གྱིས་“བོད་ཀྱི་གནད་དོན་ནི་རྒྱ་ནག་ནང་ལོགས་ཀྱི་གནད་དོན་ཡིན་”ཞེས་བཤད་དེ་ངོ་རྒོལ་བྱས་འདུག
ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་ས་ཧྲིལ་པོ་དྲག་པོའི་དབང་འོག་ཏུ་བསྡུས་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་པ་ནས་བཟུང་། རྒྱ་ནག་གིས་བོད་ནི་རྒྱ་ནག་གི་“ཁ་བྲལ་ཐབས་མེད་པའི་ཆ་ཤས་”ཤིག་ཡིན་ཟེར་ནས་ལོ་རྒྱུས་དང་དངོས་ཡོད་གནས་ཚུལ་རྣམས་འཁྱོག་བརྗོད་བྱེད་བཞིན་ཡོད་པ་དང་། སྲིད་གཞུང་དང་མི་སྒེར་སུ་ཞིག་གིས་བོད་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་བསྟན་ན། “རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་མི་ཆོག་”ཅེས་ཟེར་བའི་ལམ་སྲོལ་ཞིག་ཆགས་ཡོད།
ལྡི་ལིའི་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པས་ཋའུ་ཋར་དྲ་བའི་ཐོག་ཏུ་བཀོད་པའི་རྩོམ་ཐུང་ནང་། ཁོས་“ཨ་རིས་དཀྲུག་རྐྱེན་རྒྱུན་མི་ཆད་པ་སློང་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། བོད་ཀྱི་གནད་དོན་ནི་ཕྱིའི་རྒྱལ་ཁབ་སུ་གཅིག་གིས་ཀྱང་ཐེ་བྱུས་བྱེད་མི་ཆོག་པའི་རྒྱ་ནག་རང་གི་གནད་དོན་ཞིག་ཡིན་”ཞེས་བྲིིས་པའི་ཁར། “ཨ་རིས་ཅིས་ཀྱང་སོ་སོའི་ཁས་ལེན་བརྩི་སྲུང་དང་། བོད་ཀྱི་གནད་དོན་ལ་ཁ་གཡར་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་པ་མཚམས་འཇོག ཁ་བྲལ་རིང་ལུགས་ཀྱི་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱེད་པ་མཚམས་འཇོག་བཅས་བྱེད་དགོས་”ཞེས་བསྣན་འདུག
ཨ་རིའི་གཞུང་ཚབ་ཁོང་གིས་ཋོའུ་ཋར་དྲ་བའི་ཐོག་ཏུ་མཇལ་འཕྲད་དེའི་འདྲ་པར་དང་རྩོམ་ཐུང་ཞིག་བཀོད་པའི་ནང་། ཁོང་གིས་“༧ཏཱ་ལའི་བླ་མའི་སྐུ་ཚབ་དོན་གཅོད་འབྲོང་ཆུང་དངོས་གྲུབ་དང་མཇལ་འཕྲད་བྱུང་བར་དགའ་པོ་བྱུང་། ཨ་རིས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་གི་ངོ་བོ་སྲུང་སྐྱོབ་རྒྱུན་འཛིན་དང་། ཆོས་དད་རང་དབང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མ་ཟད། ༧ཏཱ་ལའི་བླ་མའི་སྐྱེ་བོ་ཐམས་ཅད་ལ་གཅིག་མཚུངས་ཀྱི་ཐོབ་ཐང་དགོས་པའི་ཐུགས་འདུན་ལ་གུས་བརྩི་ཞུ་ཡི་ཡོད་”ཅེས་བྲིས་ཡོད།
དེང་སྐབས་ཨ་རི་དང་རྒྱ་ནག་གཉིས་ཀྱི་བར་དུ་ཕྱོགས་དང་གནད་དོན་སྣ་ཚོགས་ཐོག་ནས་འགལ་ཟླ་བར་མི་ཆད་པར་འབྱུང་བཞིན་ཡོད་པས། ཨ་རིའི་ངོས་ནས་རང་བཙན་ལ་འབད་མཁན་གྱི་ཐའེ་ཝན་སྲུང་སྐྱོབ་དང་། རང་སྲིད་རང་སྐྱོང་རྩོད་བཞིན་པའི་བོད་ལ་རྒྱབ་སྐྱོར་སྔར་བས་ཆེ་བ་བྱེད་རྒྱུ་ཡིན་པའི་རྣམ་འགྱུར་ཞིག་སྟོན་བཞིན་ཡོད་པ་རེད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།