སྔ་འགྱུར་སྨོན་ལམ་ཆེན་མོ་དབུ་བཙུགས་གནང་བ།
སྤྱིར་སྨོན་ལམ་ཆེན་མོ་འདི་འཚོགས་དུས། རྡོ་རྗེ་གདན་མཆོད་རྟེན་རིན་པོ་ཆེའི་ཕྱོགས་བཞིར་སྐོར་ནས་འཚོགས་ཀྱིན་ཡོད་པ་ནི། ༡་ཤར་ཕྱོགས་སུ་བཙུན་དགོན་མཚོ་རྒྱལ་བཤད་སྒྲུབ་གླིང་གིས་དབུས་བཙུན་མའི་སྡེ་དང་། ༢་ལྷོ་ཕྱོགས་སུ་རྫོགས་ཆེན་དགོན། ཞེ་ཆེན་དགོན། སྨིན་གྲོལ་གླིང་། རྡོ་རྗེ་བྲག་སོགས་དང་། ༣་ནུབ་ཕྱོགས་སུ་རྣམ་གྲོལ་གླིང་། ༤་བྱང་ཕྱོགས་སུ་སྔགས་པའི་སྡེ་བཅས་ཁག་བགོས་གནང་ཡོད།
འདི་ལོར་སྔ་འགྱུར་སྨོན་ལམ་ཆེན་མོའི་ཚོགས་མགོན་དུ་ཤར་ཕྱོགས་སུ་མཁན་ཆེན་པདྨ་ཤེས་རབ། ལྷོ་ཕྱོགས་སུ་༸སྐྱབས་རྗེ་དིལ་མགོ་མཁྱེན་བརྩེ་རིན་པོའི་ཡང་སྲིད་དང་། ཞེ་ཆེན་རབ་འབྱམས། སྨིན་གླིང་མཁན་ཆེན། ནུབ་ཕྱོགས་༸སྐྱབས་རྗེ་པད་ནོར་རིན་པོའི་བཞུགས་ཁྲིའི་ཐོག་སྐུ་པར་མཐོང་གྲོལ་རིན་པོའི་གཡས་སུ། གྱང་ཁང་སྤྲུལ་སྐུ་དང་། གཡོན་དུ་རྨུགས་སངས་སྤྲུལ་སྐུ། བྱང་ཕྱོགས་སུ་༸སྐྱབས་རྗེ་བདུད་འཇོམས་རིན་པོའི་ཡང་སྲིད་དང་། ནམ་མཁའ་རིན་པོ་ཆེ་བཅས་ཕེབས་ཡོད་པ་རེད།
དེ་བཞིན་ལོ་ལྟར་གདན་ས་རྣམ་གྲོལ་གླིང་ནས་སྨོན་ལམ་འཚོགས་མཁན་གྲྭ་བཙུན་ཉིས་སྟོང་རེ་ཕེབས་ཀྱིན་ཡོད་པ་དང་། འདི་ལོ་ཚོགས་ཞུགས་དགེ་འདུན་པའི་སྡེ་དང་བཙུན་མའི་སྡེ་བཅས་ཡང་བསྡོམས་༦༠༠༠ ཡན་མན་ཙམ་ཡོད་ཚུལ་བཤད་ཀྱིན་འདུག་ལ། ད་ལོའི་སྨོན་ལམ་ཆེན་མོའི་སྦྱིན་བདག་ནི་ཞེ་ཆེན་དགོན་པའི་སྡེ་དགེ་མཁན་པོ་རེད་ཅེས་སྨོན་ལམ་ལས་བྱེད་པ་ཞིག་གིས་གསུངས་སོང་།
དམིགས་བསལ་འདི་ལོ་སྨོན་ལམ་ཆེན་མོ་ཉིན་གྲངས་བཅུ་གཅིག་འཚོགས་རྒྱུ་ཡིན་འདུག ནམ་རྒྱུན་བོད་ཟླ་༡༢་༡་ནས་ཚེས་༡༠བར་འཚོགས་ཀྱིན་ཡོད་ལ། འདི་ལོར་བོད་ཚེས་གཉིས་པ་གཉིས་ཡོད་པར་བརྟེན་བོད་ཚེས་༡༠་པ་བར་ཉིན་གྲངས་བཅུ་གཅིག་ཆགས་ཀྱིན་ཡོད་འདུག
སྨོན་ལམ་ཆེན་མོ་ཚར་བའི་ཉིན་མོ་ནི། འདི་ཟླའི་ཕྱི་ཚེས་༡༣ ཉིན་ཁེལ་ཡོད་ལ། ཉིན་དེ་ནི་ཆུ་སྒང་དབུས་རྒྱུན་གྱི་སྔོན་འགྲོའི་འོས་བསྡུའི་དུས་ཚོད་དེ་ཡིན་འདུག
རྡོར་གདན་རྙིང་མའི་འཚོགས་པའི་གྲ་མཐའ་ནས།