ཁེ་ན་ཌས་གྲོས་ཚོགས་འོས་བསྡུ་སྔ་སྣུར་བྱེད་རྒྱུ་རེད་འདུག 

ཁེ་ན་ཌའི་སྲིད་བློན་གྱིས་ཁོང་གི་ལས་གཞི་ཁག་ལ་མི་མང་གི་རྒྱབ་སྐྱོར་ཆེན་པོ་དགོས་ཀྱི་ཡོད་སྐོར་བརྗོད་ནས། གྲོས་ཚོགས་ནང་དུ་རྐུབ་སྟེགས་ད་ལྟ་ལས་མང་བ་ཐོབ་ཆེད་དུ་གྲོས་ཚོགས་ཀྱི་འོས་བསྡུ་སྔ་སྣུར་གཏོང་རྒྱུའི་དགོས་འདུན་བཏོན་འདུག་པ་དང་། དེ་ནི་ཆབ་སྲིད་ཀྱི་རྒྱན་རྩེད་ཆེན་པོ་ཞིག་ཆགས་ཀྱི་ཡོད་འདུག 

ཟླ་༨ པའི་ཚེས་༡༧ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཁེ་ན་ཌའི་རྒྱལ་ཡོངས་གྲོས་ཚོགས་དེ་ཕྱི་ལོ་༢༠༢༣ ལོའི་ཟླ་༡༠ པའི་ནང་གཏན་འབེབས་བྱས་ཟིན་ཡོད་འདུག་ཀྱང་། ཉེ་ཆར་ཁེ་ན་ཌའི་སྲིད་བློན་ཊེ་རུ་ཌོ་ཡིས་གྲོས་ཚོགས་ནང་དུ་ཁོང་གི་གུ་ཡངས་སྲིད་དོན་ཚོགས་པར་རྐུབ་སྟེགས་མང་མོས་ཐོབ་ཆེད་དུ། གྲོས་ཚོགས་ཀྱི་འོས་བསྡུ་སྔ་སྣུར་གཏོང་རྒྱུའི་དགོས་འདུན་བཏོན་པ་ལྟར། ཟླ་༩ པའི་ཚེས་༢༠ ཉིན་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་བྱེད་རྒྱུ་རེད་འདུག 

དེ་ཡང་ཕྱི་ལོ་༢༠༡༥ ལོར་ཁེ་ན་ཌའི་གུ་ཡངས་སྲིད་དོན་ཚོགས་པར་གྲོས་ཚོགས་ནང་རྐུབ་སྟེགས་མང་མོས་ཐོབ་ཡོད་པ་དང་། ཕྱི་ལོ་༢༠༡༩ ལོའི་གྲོས་ཚོགས་འོས་བསྡུར་རྒྱལ་ཁ་ཐོབ་ཡོད་ཀྱང་རྐུབ་སྟེགས་མང་མོས་ཐོབ་མེད་པས། ལས་གཞི་ཁག་གི་ཆེད་དུ་གྲོས་ཚོགས་ནས་རྒྱབ་སྐྱོར་ཐོབ་ཆེད་དུ་སྲིད་དོན་ཚོགས་པ་གཞན་གྱི་གྲོས་ཚོགས་འཐུས་མིའི་རྒྱབ་སྐྱོར་ཐོབ་དགོས་པ་ཆགས་ཡོད་འདུག་པས། ཐེངས་འདིར་ཕྱོགས་འགལ་ཚོགས་པ་རྣམས་ཀྱི་དབང་ཤུགས་ཆུང་བ་དང་ཁ་འཐོར་ཡིན་པའི་སྐབས་དང་བསྟུན་ནས། གྲོས་ཚོགས་འོས་བསྡུ་བྱས་ཚེ་གྲོས་ཚོགས་ནང་རྐུབ་སྟེགས་མང་མོས་ཐོབ་སྲིད་པའི་ངེས་པ་ཡོད་འདུག་ཀྱང་། དེ་ལྟར་མི་ཡོང་བའི་ཉེན་ཁ་ཡང་ཡོད་པ་རེད་འདུག 

དེ་ཡང་སྲིད་བློན་ཁོང་གིས་ཁེ་ན་ཌའི་མི་མང་གིས་ཏོག་དབྱིབས་ནད་དུག་དང་འཐབ་རྒོལ་གྱི་མཇུག་གང་འདྲ་རྫོགས་པར་བྱེད་རྒྱུ་ཡིན་པ་དང་། བསྐྱར་གསོ་གང་འདྲ་བྱེད་རྒྱུ་ཡིན་མིན་དེ་བདམས་པའི་དུས་ཚོད་སླེབས་ཡོད་པ། འོས་བསྡུ་དེས་ལོ་ངོ་བཅུ་ཕྲག་ཁ་ཤས་ལ་ཤུགས་རྐྱེན་སྤྲོད་ཐུབ་རྒྱུ་ཡིན་པ། ཁོང་གི་ལས་གཞི་རྣམས་ལག་བསྟར་བྱེད་པ་ལ་མི་མང་རྒྱབ་སྐྱོར་ཡོད་དགོས་སྐོར་བརྗོད་འདུག

ཕྱོགས་འགལ་སྲིད་དོན་ཚོགས་པ་ཚོས་ཁེ་ན་ཌ་ནང་དུ་ཏོག་དབྱིབས་ནད་རླབས་བཞི་པ་དེ་འགྲོ་བཞིན་པའི་སྐབས་དེར། སྲིད་བློན་ཁོང་གིས་འོས་བསྡུ་སྔ་སྣུར་བཏང་བ་ནི་གོ་སྐབས་དམ་འཛིན་གྱིས་སྲིད་དབང་ཧམ་བཟུང་བྱེད་ཐབས་ཡིན་པའི་སྐྱོན་བརྗོད་བྱས་འདུག 

ཆབ་སྲིད་དཔྱད་བརྗོད་པ་ཁག་ཅིག་གིས་བརྗོད་དོན་ལ། ཁེ་ན་ཌའི་མི་མང་བརྒྱ་ཆ་༧༠ ལས་མང་བས་ཏོག་དབྱིབས་སྔོན་འགོག་སྨན་ཁབ་བརྒྱབ་ཟིན་ཁར། རྒྱལ་ཁབ་མང་པོ་ཞིག་དང་བསྡུར་ན་ཏོག་དབྱིབས་བཀག་འགོག་གི་ལས་གཞིར་གྲུབ་འབྲས་ཐོན་ཡོད་པས། མི་མང་ནང་དུ་ལས་ཁུར་སྲིད་བློན་ཁོང་གི་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཤུགས་ཆེན་ཡོད་འདུག 

གྲོས་ཚོགས་ནང་དུ་མང་མོས་ཀྱི་རྐུབ་སྟེགས་ཚད་གཞི་ནི་༡༧༠ ཡིན་འདུག་པ་དང་། ད་ལྟའི་ཆར་གཞུང་འཛིན་ཚོགས་པར་རྐུབ་སྟེགས་༡༥༧ ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།