སུད་སིའི་བོད་མི་ཚོས་རྐང་འཁོར་བཞོན་ནས་ ༢༠༢༢ ལོའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོར་ངོ་རྒོལ་བྱས་འདུག

སུད་སིའི་བོད་མི་ ༨༠ ལྷག་གིས་གྲོང་ཁྱེར་ཛུ་རིག་(Zurich)གི་ལྟེ་བ་ནས་རྒྱ་ནག་གི་གཞུང་ཚབ་ཁང་བར་དུ་རྐང་འཁོར་བཞོན་ནས་ ༢༠༢༢ ལོའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་ལ་ཞི་བའི་ངོ་རྒོལ་བྱས་འདུག
ཟླ་འདིའི་ཡུ་རོབ་ཀྱི་ཚེས་ ༢༨ ཉིན་སུད་སི་དང་ལེག་ཊེན་སི་ཊེན་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག་ནས་སྤེལ་བའི་ལས་འགུལ་དེའི་ནང་། རྐང་འཁོར་ཞོན་མཁན་ ༨༠ ལྷག་གིས་བོད་བསྟན་སྲིད་ཀྱི་དོན་དུ་རང་ལུས་མེ་སྲེག་གཏོང་མཁན་གྱི་རྒྱལ་གཅེས་དཔའ་བོ་རྣམས་ཀྱི་སྐུ་པར་ལྡན་པའི་སྟོད་ཐུང་གྱོན་ཏེ། བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་སྐུ་ལུས་མེ་སྲེག་གཏོང་མཁན་གྱི་རྒྱལ་གཅེས་པ་རྣམས་ལ་གུས་དུད་མཚོན་པ་བྱས་འདུག
ཕྱི་ལོ་ ༢༠༠༨ ལོའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་ཚོགས་པའི་རྗེས་སུ། རྒྱ་ནག་གི་ཁས་ལེན་དམ་བཅའ་ལྟར་བོད་ཀྱི་འགྲོ་བ་མིའི་ཐོབ་དང་རང་དབང་བཟང་དུ་འགྲོ་རྒྱུའི་ཚབ་ཏུ་སྔར་བས་ཀྱང་ཇེ་སྡུག་ཏུ་འགྱུར་བཞིན་ཡོད་སྟབས། ལས་འགུལ་བ་ཚོས་རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་ཚོགས་ཆུང་(International Olympic Committee)འདུས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་རྒྱ་ནག་གི་དྲག་གནོན་འོག་ཏུ་དཀའ་སྡུག་མྱོང་བཞིན་པའི་མི་མང་རྣམས་ཀྱི་མངོན་འདོད་སྒྲུབ་པའི་འབོད་སྐུལ་ཞུས་ཡོད་འདུག
ཐེངས་འདིའི་གཞི་རྒྱ་ཆེ་བའི་ལས་འགུལ་དེ་སུད་སི་དང་ལེག་ཊེན་སི་ཊེན་བོད་རིགས་སྤྱི་མཐུན་ཚོགས་པའི་ཟླ་རེའི་ལས་འགུལ་གྱི་ཆ་ཤས་ཤིག་ཡིན་འདུག་པ་དང་། དེའི་ནང་དུ་སུད་སིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་མི་མང་མང་པོ་ཞིག་མཉམ་ཞུགས་བྱས་ཡོད་འདུག
༢༠༢༢ ལོའི་པེ་ཅིང་གི་དགུན་ཁའི་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོ་ཇེ་ཉེར་བཅར་བཞིན་པ་དང་སྦྲགས། རྒྱལ་སྤྱིའི་རྩེད་འགྲན་ཆེན་མོ་དེ་བཀག་སྡོམ་(boycott)དང་། རྒྱལ་ཁབ་གཞན་དུ་སྤོ་དགོས་པའི་དགོས་འདུན་འདོན་མཁན་གྱི་ཚོགས་པ་དང་གྲོས་ཚོགས་ཇེ་མང་དུ་འགྲོ་བཞིན་ཡོད་དེ། ཡུ་རོབ་གྲོས་ཚོགས་དང་དབྱིན་ཇིའི་གྲོས་ཚོགས་ཐེ་བའི་གྲོས་ཚོགས་མང་པོ་ཞིག་གིས་གལ་སྲིད་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་བཟང་དུ་མ་བཏང་བ་ཡིན་ན། ལོ་རྗེས་མའི་པེ་ཅིང་ཨོ་ལིམ་ཕིག་རྩེད་འགྲན་ཆེན་མོའི་ནང་དུ་མཉམ་ཞུགས་མི་བྱེད་པའི་གྲོས་ཆོད་བཞག་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།