ཤར་ཕྱོགས་ཁུག་རྟས་ནམ་མཁའི་ཚད་སོར་མོས་གཞལ་བ།

འོན་ཀྱང་ཁྱེད་ཀྱིས་རྩོམ་ཉོག་དེ་མཐོང་བའི་རྗེས་སུ་ང་ལ་ཚོར་སྣང་མི་བདེ་བ་ཞིག་བྱུང་བ་ནི། ཁྱེད་ད་ལྟའི་བོད་གཞུང་བཀའ་ཤག་ངེས་མེད་ཀྱི་ནང་དུ་འཕྲལ་སེལ་ཐོག་གཞུང་གི་ལས་ཀ་བྱེད་མཁན་ཞིག་རེད། དེར་བརྟེན་གཞུང་གི་ལས་ཀ་བྱེད་བཞིན་པའི་སྐབས་སུ་འོས་བསྡུའི་ལས་རིམ་དང་འབྲེལ་བའི་རྩོམ་འཆལ་འདི་ལྟ་བུ་སྤེལ་བ་ནི་ཁྲིམས་སྒྲིག་དང་མཐུན་པ་ཞིག་ཡིན་ནམ་མིན། སྤྱིར་ཁྱེད་མི་དམིགས་བསལ་ཞིག་རེད། དགེ་འདུན་ཆོས་འཕེལ་གྱི་སྤྲུལ་སྐུའི་མིང་ཁུར་སྐུ་སྒེར་ཡིག་ཚང་གི་ལྟག་སྒོ་བརྒྱུད་ནས་ཁེ་བཟང་ཟ་མཁན་གྱི་གང་ཟག་ཅིག་ཡིན་པའི་ཆ་ནས་གཞན་དང་མི་འདྲ་བར་ཁྱེད་ལ་དམིགས་བསལ་ཞིག་ཀྱང་ཡོད་སྲིད་པ་རེད། ཁྱེད་དེར་སླེབས་དུས་ཀྱང་སྐུ་སྒེར་དྲུང་ཆེ་བཀྲས་མཐོང་ཡིན་པའི་སྐབས་རེད། དེ་དང་ཏན་ཏན་འབྲེལ་བ་ཞིག་ཡོད་སྲིད་པ་རེད། འོན་ཀྱང་ངས་རང་ཉིད་ཀྱི་འོས་ཤོག་དེ་བཀྲས་མཐོང་ལ་གཏན་ནས་བླུག་གི་མིན། རྒྱུ་མཚན་དེ་ལ་བརྟེན་ནས་ངས་བླུག་ཡུལ་དེ་ལ་ཐོབ་སོང་ཞེས་བརྗོད་ན་འདི་ནི་བྱིས་པའི་བསམ་ཚུལ་ལྟ་བུ་ལས་རྒྱུ་མཚན་ཚད་ལྡན་ཞིག་གཏན་ནས་མ་རེད། འོན་ཀྱང་བཀྲས་མཐོང་ལ་བཀའ་ཁྲིའི་འོས་ཐོབ་སྲིད་པ་རེད། རྒྱུ་མཚན་ནི་ས་གནས་གང་དུ་སོང་ཡང་དབུས་གཙང་གི་ཞེན་གོག་སློང་གང་ཐུབ་བྱེད་ཀྱི་ཡོད་པ་དང་། དབུས་གཙང་ཚོགས་པས་ཀྱང་དེ་བཞིན་བྱེད་ཀྱི་ཡོད་པས། གལ་སྲིད་དབུས་གཙང་མི་མང་གིས་ཕྱོགས་ཞེན་བྱས་སོང་ན་བཀའ་ཁྲིའི་འོས་ཤོག་བསྟན་འཛིན་རྣམ་རྒྱལ་ལ་ཐོབ་ཐོབ་པ་རེད། དཀའ་ངལ་གང་ཡང་ཡོད་པ་མ་རེད། གལ་སྲིད་དབུས་གཙང་གིས་ཕྱོགས་ཞེན་ཞིག་བྱས་སོང་ན་བཀྲས་མཐོང་གིས་ལ་དྭགས་ཀྱི་ར་ཁུལ་ཚོང་བསྒྱུར་དང་འབྲེལ་བའི་མཐར་ཐུག་ཧིན་སྒོར་འབུམ་བར་ཟོས་བྱས་པའི་གནས་ཚུལ་དང་། དྷ་སྟེང་བོད་ཀྱི་གསོལ་མགྲོན་ཁང་བཟོ་བཅོས་ཙམ་གྱི་ཆེད་དུ་ཧིན་སྒོར་༦༠ བཏང་བ་ཡིན་ཞེས་པའི་དོགས་གནས། སྐབས་དེ་ཉི་ཧོང་དོན་གཅོད་རྒྱ་རི་པདྨ་རྒྱལ་པོ་བརྒྱུད་ཐེ་ཝན་ནས་ཨ་སྒོར་འབུམ་ལྔའི་ཅེག་འཛིན་དང་འབྲེལ་བའི་གནས་ཚུལ་དག་ཀྱང་ཕྱོགས་ཞེན་གྱིས་བསྒྲིབས་ནས་མཐོང་མི་ཐུབ་པར་འགྱུར་ངེས་པ་རེད་མ་གཏོགས། ཁྱེད་ཀྱིས་འོས་ཤོག་ཁོང་ལ་བླུགས་པ་ཙམ་གྱིས་བཀའ་ཁྲི་བཀྲས་མཐོང་ལ་ཐོབ་སོང་ཞེས་པ་དེ་ནམ་མཁའི་ཚད་སོར་མོས་གཞལ་བ་རང་རེད།