རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པས་གསར་འགོད་པ་ཞིག་འཕྲལ་དུ་གློད་གྲོལ་གཏོང་བའི་དགོས་འདུན་བཏོན།
རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་(Reporters Without Borders) ཀྱིས་གཙོས་པའི་རྒྱལ་སྤྱིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་༤༥ ཡིས་ཞི་ཅིན་ཕིང་ལ་ཞུ་ཡིག་བསྐུར་ནས། མི་སེར་གསར་འགོད་པ་ཀྲེང་ཏྲན་(Zhang Zhan) བཙོན་ཁང་ནས་འཕྲལ་དུ་གློད་གྲོལ་གཏོང་བའི་དགོས་འདུན་བཏོན་ཡོད་འདུག
རང་ལོ་༣༨ ལ་སོན་པའི་མི་སེར་གསར་འགོད་པ་(citizen journalist) ཀྲེང་ཏྲན་གྱིས་ལོ་སྔོན་མའི་ཕྱི་ཟླ་༢ པའི་ནང་རྒྱ་ནག་གི་གྲོང་ཁྱེར་ཝུ་ཧན་(Wuhan) དུ་ཕྱིན་ནས། གྲོང་ཁྱེར་དེའི་ནང་གི་ཏོག་དབྱིབས་ནད་ཡམས་ཀྱི་ཛ་དྲག་གནས་སྟངས་དང་འབྲེལ་བའི་གནས་ཚུལ་བརྒྱུད་ལམ་ཁག་ཏུ་སྤེལ་བར་བརྟེན། རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བྱས་ཏེ་བཙོན་དུ་བཅུག་པ་མ་ཟད། ལོ་སྔོན་མའི་ཕྱི་ཟླ་༡༢ ནང་ཁོང་ལ་“རྩོད་རྙོག་དང་རྙོག་ཟིང་སློང་མཁན་”གྱི་ཉེས་པ་གཡོགས་ནས་ལོ་བཞིའི་བཙོན་འཇུག་ཁྲིམས་ཐག་བཅད།
རྒྱལ་མཚམས་མེད་པའི་གསར་འགོད་ལྷན་ཚོགས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། གསར་འགོད་པ་ཁོང་གིས་ན་ནིང་ཕྱི་ཟླ་༥ ནས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་འགོ་བརྩམས་པར་བརྟེན། རྒྱ་ནག་གཞུང་གིས་བཙན་གྱིས་འགྱིག་སྦུག་བརྒྱུད་དེ་མོའི་ཁོག་ལ་ཁ་ཟས་བླུད་དེ་ཡུན་རིང་ཕྱིན་ཡོད་སྟབས། མོའི་ལུས་སྟོབས་ཟད་དེ་“འཆི་ཉེན་ལ་”ཐུག་ཡོད་འདུག
ཟླ་འདིའི་ཚེས་༡༧ ཉིན་ཕྱིར་བསྒྲགས་བྱས་པའི་ཞུ་ཡིག་དེའི་ནང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་༤༥ ཡིས་ཞི་ཅིན་ཕིང་ལ་གསར་འགོད་པ་ཁོང་གི་ལུས་པོའི་གནས་སྟངས་ལ་བརྟེན་ནས་“འཕྲལ་དུ་”གློད་གྲོལ་གཏོང་བའི་དགོས་འདུན་བཏོན་པ་མ་ཟད། མོས་རང་ཉིད་ཀྱི་ཚེ་སྲོག་བློས་གཏོང་གིས་མི་མང་ལ་ནད་ཡམས་ཀྱི་གནས་ཚུལ་བརྒྱུད་སྤེལ་བྱེད་པའི་སྙིང་སྟོབས་ལ་གུས་བཀུར་བསྔགས་བརྗོད་ཞུ་འོས་པ་ལས། ནག་ཉེས་གང་ཡང་བསགས་མེད་ཚུལ་བརྗོད་ཡོད་འདུག
རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་ཤར་ཨེ་ཤི་ཡའི་ཡན་ལག་ལས་ཁུངས་ནས་གསར་འགོད་པ་ཁོང་“འཕྱི་མ་དྲགས་གོང་དུ་གློད་གྲོལ་”གཏོང་དགོས་པའི་དགོས་འདུན་བཏོན་པའི་ཐོག “མོ་ལ་བཙོན་འཇུག་གི་ཁྲིམས་ཐག་དྲག་པོ་བཅོད་རྒྱུ་ཕར་ཞོག འཛིན་བཟུང་ཡང་གཏན་ནས་བྱེད་མི་འོས་”ཞེས་བརྗོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།
