རྒྱ་ནག་དང་ཐའེ་ཝན་གཉིས་ཀ་གྲོས་མཐུན་གཅིག་ནང་འཛུལ་ཐབས་བྱེད་བཞིན་འདུག
ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་རྒྱལ་ཁབ་བར་གྱི་ཚོང་འབྲེལ་གྲོས་མཐུན་གཅིག་ནང་རྒྱ་ནག་ནང་ཐའེ་ཝན་གཉིས་ཀ་འཛུལ་ཐབས་བྱེད་བཞིན་འདུག་པ་དང་། ཐའེ་ཝན་གྱིས་གལ་ཏེ་ཚོགས་པ་དེའི་རྒྱ་ནག་སྔོན་དུ་ཚུད་ཚེ་ཐའེ་ཝན་ལ་དཀའ་ངལ་འཕྲད་རྒྱུ་གསལ་པོ་ཡིན་སྐོར་བརྗོད་འདུག
ཟླ་༩ པའི་ཚེས་༢༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་མངའ་ཁུལ་གྱི་རྒྱལ་ཁབ་ཁག་གི་ཚོང་འབྲེལ་གྲོས་མཐུན་(Trans-Pacific Partnership) ཞེས་པའི་ནང་དུ། རྒྱ་ནག་གིས་ཚོགས་མིར་ཞུགས་ཆེད་དུ་སྙན་ཞུ་བརྒྱབ་འདུག་པ་དང་། དེའི་རྗེས་ཀྱི་ཉིན་ཤས་ནང་ཐའེ་ཝན་གྱིས་ཀྱང་ཚོགས་མིར་ཞུགས་རྒྱུའི་སྙན་ཞུ་བརྒྱབ་འདུག
ཚོང་འབྲེལ་གྲོས་མཐུན་དེའི་ནང་ད་ལྟའི་ཆར་ཚོགས་མི་རྒྱལ་ཁབ་༡༡ འདུག་པ་དང་། དེའི་ནང་ཁེ་ན་ཌ་དང་ཉི་ཧོང་། ཨོ་སི་ཀྲོ་ལི་ཡ། བྷེ་རུ་ནཱེ། ཆཱི་ལི། མཱ་ལེ་ཤི་ཡ། མེག་སི་ཁོ། ནིའུ་ཛི་ལན་ཌ། པཱི་རུ། སིང་གྷ་པུར། ཝི་ཏི་ནཱམ་བཅས་ཡོད་འདུག་པ་དང་། ཚོགས་མི་རྒྱལ་ཁབ་གཅིག་གསར་ཞུགས་ཡོང་བར་ཚོགས་མི་རྒྱལ་ཁབ་ཚང་མས་སྤྱི་མོས་ཐོག་ནས་རྒྱབ་སྐྱོར་ཐོབ་དགོས་ཀྱི་ཡོད་འདུག སྤྱིར་བཏང་གྲོས་མཐུན་དེ་ཐོག་མར་ཕྱི་ལོ་༢༠༡༦ ལོའི་ཟླ་༢ པའི་ཚེས་༤ ཉིན་ཨ་རི་ཚུད་པའི་གོང་གི་རྒྱལ་ཁབ་༡༡ བཅས་རྒྱལ་ཁབ་༡༢ བར་མིང་རྟགས་བཀོད་འདུག གྲོས་མཐུན་དེའི་དམིགས་ཡུལ་ནི་རྒྱ་ནག་གི་དབང་ཤུགས་ལ་འགོག་རྐྱེན་བཟོ་ཆེད་ཡིན་འདུག འོན་ཀྱང་ཕྱི་ལོ་༢༠༡༧ ལོར་སྐབས་དེའི་སྲིད་འཛིན་གསར་པ་ཌོ་ནལ་ཊོམ་གྱིས་གྲོས་མཐུན་དེ་ནས་ཨ་རི་ཕྱིར་འཐེན་བྱས་པས། ཚོགས་མི་རྒྱལ་ཁབ་ལྷག་མ་རྣམས་ཀྱིས་གྲོས་མཐུན་གསར་པ་ཞིག་བཞག་འདུག་ཁར། གྲོས་མཐུན་དེ་ནི་རྒྱལ་སྤྱིའི་ནང་གི་ཚོང་འབྲེལ་གྲོས་མཐུན་ཆེ་གྲས་ཤིག་རེད་འདུག
ཚེས་༢༣ ཉིན་ཐའེ་ཝན་གྱི་ཚོང་འབྲེལ་གྲོས་མོལ་གྱི་སྤྱི་ཁྱབ་སྐུ་ཚབ་ཇཱོན་ཌེང་གིས། གལ་ཏེ་གྲོས་མཐུན་དེའི་ནང་ཐའེ་ཝན་གྱི་སྔོན་ལ་རྒྱ་ནག་འཛུལ་ཐུབ་པ་བྱུང་ཚེ། ཐའེ་ཝན་ཚོགས་མིར་ཞུགས་རྒྱུའི་ལས་དོན་ལ་ཉེན་ཁ་འཕྲད་རྒྱུ་ཡིན་པ་གསལ་པོ་རེད་ཅེས་བརྗོད་འདུག ཉིན་དེར་ཉི་ཧོང་གི་ཕྱི་སྲིད་བློན་ཆེན་མཱོ་ཏི་གྷི་ཡིས། གྲོས་མཐུན་དེའི་ནང་ཐའེ་ཝན་ཚོགས་མི་གསར་ཞུགས་བྱེད་རྒྱུར་དགའ་བསུ་ཡོད་སྐོར་བརྗོད་འདུག
ད་ལྟའི་ཆར་རྒྱ་ནག་གིས་ཐའེ་ཝན་གྱི་ཚོགས་མི་གསར་ཞུགས་སྙན་ཞུ་དང་འབྲེལ་ནས་དགག་བྱ་གང་ཡང་བྱས་མེད་འདུག་ཀྱང་། འདས་པའི་ནང་རྒྱ་ནག་གི་སྐྱོན་བརྗོད་དང་གནོན་ཤུགས་ལ་བརྟེན་ནས་རྒྱལ་སྤྱིའི་ལྷན་ཚོགས་དང་རྩེད་འགྲན་ཁག་ཏུ་ཐའེ་ཝན་མིང་གཞན་གྱི་འོག་ཏུ་མཉམ་ཞུགས་བྱེད་དགོས་འཁེལ་ཡོད་པ་རེད། དེ་ཡང་ཨོ་རྩལ་འགྲན་ཚོགས་ནང་ཐའེ་ཝན་གྱི་མིང་ནི་ཐའེ་པཱེ་(Chinese Taipei ) དང་། འཛམ་གླིང་ཚོང་འབྲེལ་ལྷན་ཚོགས་ནང་དུ་སྒོ་ཁྲལ་ཐ་དད་ཡིན་པའི་ཐའེ་ཝན་མངའ་ཁུལ་(the Separate Customs Territory of Taiwan, Penghu, Kinmen) ཞེས་པའི་མིང་ཐོག་ནས་མཉམ་ཞུགས་བྱེད་ཀྱི་ཡོད་འདུག་པ་དང་། ཐེངས་འདིའི་གྲོས་མཐུན་ནང་དུ་ཡང་མིང་འདི་བེད་སྤྱད་ནས་སྙན་ཞུ་བརྒྱབ་ཡོད་པ་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།