ཕྱོགས་ལྷུང་གི་འཆིང་རྒྱ་ལས་གྲོལ་བའི་རིག་པའི་ལྡེ་མིག
འབྱུང་གྱུར་གྱི་བཀའ་ཁྲི་དེ་རང་ཉིད་ཀྱིས་བཀོད་པའི་ཆ་ནས་འབྱུང་གྱུར་གྱི་བཀའ་ཁྲི་ནི་རང་ཉིད་ཀྱི་ཡིན་པས་ངེས་པར་དུ་ཆེ་མཐོང་ཞུ་དགོས། དེས་ན་ཆོལ་ཁ་དང་ཆོས་བརྒྱུད་བར་གྱི་ཕྱོགས་ཞེན་དེ་དོར་ནས་ཤེས་འཇོན་ལྷག་གསུམ་ལྡན་པའི་བཀའ་ཁྲི་ཞིག་གདམས་པ་ནི་རང་ཉིད་ཀྱི་མི་ཚེའི་བྱ་བཞག་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱས་ཆོག་པ་ཡིན། དཔེར་ན་ཕྱི་ལོ་ཉིས་སྟོང་ལོ་ནས་བཟུང་སྟེ་བཀའ་ཁྲི་ཐད་ཀར་དམངས་གཙོའི་ལམ་ནས་འདེམས་ཀྱི་ཡོད་པ་ཡིན་དུས་བརྩན་བྱོལ་གཞུང་གི་ལས་མི་ནང་རྐོག་ཟ་རུལ་སོང་མེད་པར་གྱུར་ཡོད་ལ་གཞུང་དམངས་གཉིས་མཐུན་བསྒྲིལ་སོགས་ཕྱོགས་གང་ཐད་ནས་ཡར་རྒྱས་ཀྱི་འཕོ་འགྱུར་བཟང་དུ་ཕྱིན་ཡོད། ཡང་ཕྱོགས་ཞེན་པ་ཀླད་རྙིང་རེ་ཟུང་གིས་ཆོལ་ཁ་དང་ཆོས་བརྒྱུད་ལུང་ཚན་ཉེ་རིང་སོགས་ལ་བརྟེན་ནས་ཕྱོགས་ཞེན་དབང་གི་བཀའ་ཁྲི་གདམ་ཀ་བྱས་པ་དེ་ནི། རང་ཉིད་ཀྱི་བདེ་སྐྱིད་དང་མདུན་ལམ་རླུང་ལ་བཀུར་བ་ཡིན་པར་མ་ཟད། བོད་མི་རིགས་ཀྱི་རྩ་དོན་དང་མེས་པོའི་རྣག་ཁྲག་ལས་གྲུབ་པའི་རིགས་པའི་གཞུང་ལུགས། བོད་གདོད་མའི་སྲོལ་རྒྱུན། གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་སོགས་ལ་གནོད་པར་འབྱུང་གི་ཡོད། དཔེར་ན། བཙན་བྱོལ་ནང་གི་མི་ཚང་ཆེ་ཤོས་གསུམ་ཀྱི་ཕྱི་ལོ་ཉིས་སྟོང་བར་བཙན་བྱོལ་གཞུང་གི་བྱ་ལས་ཆེ་ས་ཕལ་མོ་ཆེ་བཟུང་ནས་བསྡད་ཡོད་པའི་རྐྱེན་གྱིས་བོད་གཞུང་ཡར་རྒྱས་ཀྱི་རྣམ་པ་དང་རྩ་དོན་ཐད་གྲུབ་འབྲས་ཆེ་ས་ནས་གང་ཡང་ཐོན་ཐུབ་མེད། ད་དུང་ཆེ་གེ་མོ་འགའ་ཞིག་ལ་ཤེས་འཇོན་ཡོད་ཀྱང་ལྷག་གསམ་མེད་པའི་རྐྱེན་གྱིས་གཞུང་ཞབས་ཀྱི་བཀའ་ཁྲི་བྱས་པའི་རིང་བོད་ཀྱི་རྩ་དོན་ཐད་ཕན་འབྲས་ཐོན་པའི་བྱ་བཞག་གང་བྱུང་མེད་པར་མ་ཟད། བོད་གཞུང་གི་དངུལ་ཕོན་ཆེན་ཞིག་ཀྱང་རྩིས་སྤྲད་ཐུབ་མེད་པ་ལུས་ཡོད་ལ་དངུལ་ཆད་པ་དེ་ཡང་ཁ་གསབ་གང་ཡང་བྱས་མེད་པ་ཡིན། ཡང་ཕྱོགས་གཞན་ཞིག་ནས་བཤད་ན་བཀའ་ཁྲི་ལ་ཤེས་འཇོན་ལྷག་གསུམ་མེད་ན་ཤེས་ཡོན་དང་ཉམས་མྱོང་ཡོད་པ་ཡིན་པ་ཙམ་གྱིས་མི་ཕན་པ་སྔོན་ཆད་གཞུང་ཞབས་དབང་འཛིན་པ་འགས་ཕྱག་ལས་གནང་བཏང་ལ་ལྟས་ན་ཟུར་ཙམ་རྟོགས་ཐུབ་དགོས་པ་ཡིན། དཔེར་མཚོན་ན་བཀྲས་མཐོང་བསྟན་འཛིན་རྣམས་རྒྱལ་གྱི་གཞུང་ཞབས་བྱས་པའི་རིང་བོད་སྤྱི་པའི་ཆེད་དུ་རང་སྲོག་བློས་གཏོང་ཕར་བཞག་རང་གིས་བུ་ཕྲུག་གི་མདུན་ལམ་ཆེད་དུ་བོད་ཀྱི་ལས་དོན་གཡུག་ནས་ལས་དགོངས་ཞུས་པ་ཁོང་རང་ཉིད་ཀྱི་གསུང་ཡོད་ལ་བཙན་བྱོལ་པ་མི་བུ་ཕལ་མོ་ཆེས་ཤེས་རྟོགས་ཀྱང་བྱུང་ཡོད། གནས་ཚུལ་དེ་འདྲ་ཞིག་འབྱུང་དགོས་པའི་རྒྱུ་རྐྱེན་གཙོ་དེ་ནི་ཁོང་ལ་ཤེས་འཇོན་ལྷག་གསུམ་མེད་པས་ལན་པ་ཡིན་ནམ། ད་དུང་སྔོན་གཞུང་འཛིན་ཞབས་ཞུ་པ་དེ་ཉིད་ཡང་བསྐྱར་བཀའ་ཁྲི་ལངས་དུས་བཀའ་ཁྲི་ལངས་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་ཅི་ཡིན་མིན་དེ་ལ་དོན་ངོ་མར་དཔྱད་ཞིབ་བྱས་དུས་བོད་ཀྱི་རྕ་དོན་ཆེད་དུ་སེམས་གཏིང་ནས་ལྷག་བསམ་རྣམ་དག་གི་ངང་ནས་གཞུང་ཞབས་བྱས་འདོད་ཡོད་མེད་ལ་དོགས་པའི་གནས་སུ་མི་ལྷུང་དཀའ་མེ་ད་དུ་གྱུར། སྤྱིར་བཀའ་ཁྲི་སུ་ལངས་ཀྱང་རུང་རྒྱུ་མཚན་ཅི་ཡི་ཕྱིར་དམིགས་ཡུལ་གང་གི་ཆེད་དུ་བཀའ་ཁྲི་ལངས་པ་ཡིན་མིན་ལ་དཔྱད་ཞིབ་དགོས་ལ་དཔྱད་པ་དེ་ཡང་ཆོལ་ཁ་དང་ཆོས་བརྒྱུད་སུ་ཡིན་མིན་ཐད་ནས་དཔྱད་ནས་བསྡད་ན་དེ་ནི་ཤིན་ཏུ་ནས་ཀྱང་ནོར་འཁྲུལ་ཚབས་ཆེན་ཞིག་ཏུ་ལྷུང་ཡོད་པ་རང་ཉིད་ཀྱི་ཕུགས་རྒྱང་རིང་པོའི་ངང་ནས་ཞིབ་ཏུ་དཔྱད་ནས་རྟོགས་དགོས། བོད་ཀྱི་ན་གཞོན་ལྷག་བསམ་ཅན་དང་། ཤེས་ཡོན་པ། གོ་ས་ཅན། འབྱོར་ཕྱུག་ཅན། སྙིང་སྟོབས་ཅན་འགའ་ཞིག་གིས་བོད་ཀྱི་རྩ་དོན་ཁོ་ན་ཆེད་དུ་ལྷག་བསམ་རྣམ་དག་གི་རང་གི་བུ་ཕྲུག་དང་དཔལ་འབྱོར་ཉེ་རིང་སོགས་བློས་གཏོང་མཛད་མཁན་ལ་གལྟས་དུས་ངས་དུ་དེ་རིང་ནས་བཟུང་སྟེ་ཕྱོགས་ལྷུང་དབང་གི་བཀའ་ཁྲི་འོས་ཤོག་དེ་ཉིད་མི་བླུག་བསམ་པའི་བློ་བརྟན་པོ་ཞིག་རང་རྒྱུད་ལ་འཇོག་ནས་ངས་ད་ནས་བཟུང་བོད་ཀྱི་རྩ་དོན་ལ་ཕན་པའི་བྱ་གཞག་དང་། འབད་རྩོན་གང་མ་ཐུབ་ཀྱང་གནོད་མི་བསྐྱལ་བསམ་པའི་རང་རྒྱུད་ལ་འཇོག་ཐུབ་མཁན་ཞིག་མ་བྱུང་ཚེ་བོད་ཀྱི་རྩ་དོན་ནི་ཉི་མ་ལག་ཏུ་ལེན་དགོས་བསམ་པའི་སྟོང་བསམ་ཅང་མཁན་ཞིག་དང་མཚུངས། དེ་སྔོན་དེ་ལས་ལྡོག་སྟེ་བོད་མི་རིག་ས་ཀྱི་རྩ་དོན་ཆེད་དུ་ཐུགས་བསམ་གཏན་ནས་མི་བཞེས་མཁན་རེ་ཟུང་གི་ཆོལ་ཁ་དང་། ཆོས་བརྒྱུད་མི་འདྲ་བ་ཙམ་གྱི་ཕྱོགས་ཞེན་དང་། ཕྱོགས་ལྷུང་ཁོ་ན་བྱས་ནས་འོས་ཤོག་གང་མང་ཞིག་བླུག་ཡོད་པ་ཀུན་གྱི་ཤེས་གསལ་རེད། ད་དུང་མུ་མཐུད་ནས་ཕྱོགས་ཞེན་དང་ཕྱོགས་ལྷུང་དབང་གི་ཤེས་འཇོན་ལྷག་གསུམ་མེད་མཁན་ཞིག་བཀའ་ཁྲི་གདམ་པ་ཡིན་ན་མི་ཡུལ་དུ་དཀའ་སྡུག་ངང་ནས་མུ་མཐུད་ནས་གནས་དགོས་པ་ནི་བཤད་མི་དགོས་པ་མ་ཟད་རང་ཡུལ་གྱི་མེས་པོའི་སྐད་ཡིག་དང་སྲོལ་རྒྱུན་གྱི་རིགས་གནས་དམ་པ་དགོང་ཁའི་ཉི་མ་བཞིན་དུ་ནུབ་འགྲོ་བའི་་སྔར་ལྟས་ཡིན་པར་བཤད་མི་དགོས་པ་ཞིག་ཏུ་གྱུར། དེ་བཞིན་དུ་ཕྱོགས་རིས་དང་ཕྱོགས་ལྷུང་ཁོ་ནར་ཕྱིན་པ་ཡིན་ན་བོད་ཀྱི་རིགས་གནས་དམ་པ་སྟོང་འགྲོ་བ་ནི་ཐེ་ཚོམ་མེད་པའི་གནས་སུ་གྱུར་ཡོད་པ་མ་ཟད་གངས་བུ་རང་ཉིད་ཀྱང་མི་རིགས་གང་གི་ཡིན་པ་མི་ཤེས་པ་འགྱུར་ཉེན་ཤིན་ཏུ་ཆེ། རྒྱུ་མཚན་དེའི་ཕྱིར་ན། ད་ལྟའི་དུས་སུ་འབྱུང་གྱུར་གྱི་བཀའ་ཁྲི་ནི་དུས་བབ་ཀྱི་བཀའ་ཁྲི་ཞིག་དང་ཤེས་འཇོན་ལྷག་གསུམ་ལྡན་མཁན་ཞིག་ངེས་པར་དུ་བཀའ་ཁྲི་གདམ་དགོས་པ་དང་ཕྱོགས་མཚུངས། སྤྱིར་གངས་བུ་ཞིག་ཡིན་པའི་ཆ་ནས་ངེས་པར་དུ་བོད་ཀྱི་ཤེས་ཡོན་པ་ལ་གུས་བཀུར་དང་རྒྱབ་སྐྱོར་མ་བྱས་ཚེ་བོད་ཀྱི་ཤེས་ཡོན་པ་ཚོ་འཛམ་གླིང་གི་རྐུབ་སྟེགས་སྟེང་གང་འདྲ་ཞིག་སྒོ་ནས་ལངས་ཐུབ། དང་པོ་རང་ཕྱོགས་ནས་བཀྲ་ཤིས་པའི་བསྔགས་བརྗོད་དང་ཡིད་ཆེས་མེད་ན། རང་གཞན་གཉིས་ཀའི་ཕྱོགས་ནས་ལས་དོན་སྒྲུབས་བསམ་པའི་མདུན་པ་ཡང་བརླག་ཉེན་ཆེ་བས་ངེས་པར་དུ་ལྷག་བསམ་ཅན་དང། ཤེས་ཡོན་པ། མཁས་དབང་རྣམས་པ་ཚོ་ལ་རང་ངོས་ནས་ཕྱོགས་རིས་མེད་པའི་ཐོགས་རྒྱབ་སྐྱོར་བྱེད་པ་ཡིན་ན་ཆོལ་ཁ་ཆོས་བརྒྱུད་བར་འཆམ་མཐུན་ཡོང་བ་མ་ཟད་བོད་ཀྱི་རྩ་དོན་ལ་ཕན་འབྲས་མི་ཉུང་བ་ཐོན་ཐུབ་པ་གདོན་མི་ཟ། དེ་ལས་ལྡོག་སྟེ་བཙན་བྱོལ་ཚོས་གཅིག་གི་ཅིག་ལ་ཕྱོགས་རིས་དང་། ཕྲག་དོགས། དམའ་འབེབ། འཁོན་འཛིན། སྐྱོན་འཛུགས་དག་དག་བྱས་ནས་བསྡད་པ་ཡིན་ན་བོད་ཀྱི་རྩ་དོན་ལ་ཕན་པ་ཕར་བཞག་བོད་མི་རིགས་བར་ལ་འགལ་ཟླ་དང་གཏོར་བཤིག་གཏང་གི་ཡོད་པས་རྒྱུ་མཚན་དེ་བློ་ལ་བཟུང་ནས་ཆུ་མ་ཡོང་གོང་ལ་ཆུ་རག་ཞིག བཙན་བྱོལ་བོད་མི་ཚོས་ད་ལྟའི་སྐབས་འདིར་མ་བྱས་ན་གཞིས་བཞུགས་བོད་རིགས་སྤུན་ཟླས་ཡུལ་གྱར་བ་དེ་ཚོ། ཤེས་ཡོན་དང་། རིགས་གནས། སྤྱི་ཚོགས་ཀྱི་འགྲོ་ལུགས་མི་ཤེས་མཁན་ཞིག་ཡིན་པར་མ་ཟད། ཀླད་རྙིང་གི་ལྟ་བ་རྒྱུད་འཛིན་བྱེད་མཁན། ཕྱོགས་ལྷུང་ཅན། མཐོང་རྒྱ་ཐོས་རྒྱ་མེད་མཁན་ཞིག་ཡིན་པ་གཞིས་བཞུགས་བོད་མི་རྣམས་ཀྱི་བློ་ལ་མི་དྲན་པའི་ངེས་པ་མེད། གལ་སྲིད་དེ་ལྟར་དྲན་པ་ཡིན་ན་གཞིས་ལུས་བོད་མིའི་ཡུལ་གྱར་བ་ཚོ་ལ་འཁོན་ནས་འགལ་འདུ་འགྲོ་ཉེན་ཆེ་བས་ད་ལྟའི་སྐབས་འདིར་བཀའ་ཁྲི་གདམ་སྐབས་ཆོལ་ཁ་དང་། ཆོས་རྒྱུད། ལུང་ཚན་དབྱེ་མེད་བྱས་ནས་ཤེས་འཇོན་ལྷག་གསུམ་ལྡན་མཁན་དང་དུས་བབ་ཀྱི་བཀའ་ཁྲི་ཞིག་ངེས་པར་དུ་གདམ་ཀ་བྱེད་དགོས། མདོར་ན། འབྱུང་གྱུར་གྱི་བཀའ་ཁྲི་གདམ་དུས་ཕྱོགས་ལྷུང་དང་། ཕྱོགས་ཞེན་ལ་མ་བརྟེན་པར་ཤེས་འཇོན་ལྷག་གསུམ་ཡོད་མཁན་གྱི་བཀའ་ཁྲི་ཞིག་ངེས་པར་དུ་གདམ་རོགས་ཞེས་ཞུ་ཡ་ཡིན། དྲ་རྒྱ་ལ་འཛུལ་སྐབས་བློ་ལ་གང་ཤར་བ་ཞིག་མྱུར་དུ་འདི་ལྟར་བྲིས་པ་ཡིན་པས་ཡིག་ནོར་ཡོད་ན་སྙིང་ནས་དགོངས་སེལ་ཞུ།།