ལངས་ཕྱོགས་གླེང་གཞིར་བཟུང་ནས་བགྲོ་གླེང་བྱེད།
ད་ལྟའི་བོད་གཞུང་བཀའ་ཤག འབྲེལ་མོལ་དུས་རིམ་སྔ་མ་གྲུབ་འབྲས་མ་ཐོན་པའི་རྗེས་དབུ་མའི་ལམ་གྱི་སྲིད་བྱུས་ལ་བསྒྱར་ཞིབ་དགོས་མིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མང་གཙོའི་ལམ་སྲོལ་གཞི་བཟུང་ཕྱི་ལོ་༡༩༩༦།༡༩༩༧ ལོར་མང་མོས་ཐག་གཅོད་འོས་བསྡུའི་ལས་རིམ་དབུ་འཛུགས་གནང་སྐབས་གཞིས་བྱེས་མང་ཚོགས་ཀྱི་བསམ་འཆར་བརྒྱ་ཆ ༦༤ ལྷག་ཙམ་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཞུས་སྟབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྤྱི་མོས་ཀྱི་ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཡེ་ཤེས་དབྱིངས་དཔྱད་ཡོང་བའི་གསོལ་འདེབས་ཞུས་དོན་བཞིན་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོང་གནང་བ་དང་། སླར་ཡང་འབྲེལ་མོལ་དུས་རིམ་ཕྱི་མའང་གྲུབ་འབྲས་མ་ཐོན་པའི་ཁར། ཕྱི་ལོ་ ༢༠༠༨ ལོར་བོད་ནང་གནས་བབ་ཛ་དྲག་ཅན་དུ་གྱུར་པ་བཅས་ཀྱི་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སླར་ཡང་མང་གཙོའི་ལམ་སྲོལ་གཞི་བཟུང་བཙན་བྱོལ་བོད་མིའི་བཅའ་ཁྲིསམ་དོན་ཚན་ ༥༩ ཆ་རྐྱེན་འོག་ ༢༠༠༨ ཕྱི་ཟླ་ ༡༡ པའི་ནང་དམིགས་བསལ་ཚོགས་ཆེན་རྒྱ་ཆེ་བ་ཞིག་བསྡུ་བསྐོང་གནང་བ་མ་ཟད། བོད་ནང་ནས་ཀྱང་ཆོལ་ཁ་གསུམ་གྱི་ས་ཁུལ་མང་དག་ནས་བསམ་ཚུལ་གང་ཐུབ་བསྡུ་རུབ་ཞུས་པ་བཅས་ཀྱི་ནང་མང་ཚོགས་ཀྱི་བསམ་ཚུལ་བརྒྱ་ཆ ༨༠ བརྒལ་བ་ཞིག་ནས་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོང་གནང་དགོས་རྒྱབ་གཉེར་གནང་བ་གཞི་བཟུང་མང་ཚོགས་ཀྱི་བཀའ་ལུང་གསལ་པོ་ཐོབ་པ་ལ་བརྟེན་ནས་ད་ལྟའི་གནས་སྐབས་སུ་བཙན་བྱོལ་གཞུང་མང་གིས་སྲིད་བྱུས་འདི་ཉིད་སྤོབས་པ་དང་གདེང་ཚོད་ཆེན་པོའི་ངང་འགྱུར་མེད་རྒྱུན་སྐྱོང་ཞུ་བཞིན་པ་ཡིན། (༢༠༡༠།༡།༨ ཉིན་རྡོ་རྗེ་གདན་ནས།)
མཁས་དབང་བློ་བཟང་སེང་གེ ’’བཀའ་བློན་ཁྲི་པ་སུ་སླེབས་པ་ཡིན་ནའང་། བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་རིན་པོ་ཆེའི་ལེའུ་ ༤ པ་དང་ ༥ པའི་དགོངས་དོན་ལྟར། དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་གང་ཡང་གཏོང་ཐབས་མེད་པ་ཞིག་ཡིན། དེས་ན་དབུ་མའི་ལམ་གྱི་གནད་དོན་ཐོག་བཙན་བྱོལ་བོད་མིའི་གྲོས་ཚོགས་ནས་གཏན་འབེབས་གནང་པའི་གྲོས་ཆོད་ཁག་དང་། ༸གོངས་ས་མཆོག་གི་དགོངས་གཞི་རྣམས་ལ་བརྩི་སྲུང་མཐའ་འཁྱོལ་བ་བྱེད་རྒྱུ་ཡིན’’(མ་འོངས་ལས་འཆར། བློ་བཟང་སེང་གེ
ཁྲི་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། “དབུ་མའི་ལམ་གྱི་སྲིད་བྱུས་དེ་མི་མང་གི་མང་མོས་ཡོད་ཅེས་བརྗོད་པར་ཅུང་མི་བདེ་བ་ཡིན། ངའི་བསམ་པར་ང་ཚོས་དེ་སྔ་འཛིན་བཞིན་པའི་སྲིད་བྱུས་ལ་དམིགས་བསལ་འཇུག་དགོས་པར་མཐོང་གི་མེད། གང་ལ་ཞེ་ན་རྒྱ་གཞུང་གིས་དབུ་མའི་ལམ་ལ་ངོས་ལེན་མེད་པ་མ་ཟད་མ་འོངས་གྲོས་མོལ་ཡང་༸གོང་ས་མཆོག་སྐུ་སྒེར་གྱི་གནས་ཚུལ་ཁོ་ན་ལས་གནད་དོན་གཞན་ཐོག་གྲོས་མོལ་བྱེད་རྒྱུར་འདོད་པ་མེད་པ་གསལ་པོ་བརྗོད་ཡོད། ༸གོང་ས་མཆོག་ནས་ཀྱང་སྤྱི་ལོ ༢༠༠༨ ལོར་བོད་ནང་དོན་རྐྱེན་བྱུང་རྗེས་བོད་ཀྱི་གནད་དོན་ཐོག་བསྐྱར་ཞིབ་ཆེད་དམིགས་བསལ་ཛ་དྲག་ཚོགས་ཆེན་བསྐོང་གནང་པ་དང་། དུས་དང་རྣམ་པ་ཀུན་ཏུ་ང་ཚོས་ཡར་རྒྱས་ཀྱི་མདུན་བསྐྱོད་བྱ་དགོས་པའི་སེམས་ཤུགས་བསྐྲུན་གནང་པ་དང་། རང་སོར་མི་རུང་བའི་བསློབ་གནང་ཡོད།”(༢༠༡༡ བཀའ་བློན་ཁྲི་པའི་འོས་མི། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ།)