རྒྱ་གར་གྱི་སྤྱི་ཁྱབ་དམག་སྤྱི་ཆེན་མོ་གྲོངས་པར་༧གོང་ས་མཆོག་ནས་མྱ་ངན་དང་ཐུགས་གསོའི་གསུང་འཕྲིན།
ཁ་སང་རེས་གཟའ་ལྷག་པའི་ཉིན་རྒྱ་གར་གྱི་སྤྱི་ཁྱབ་དམག་སྤྱི་ཆེན་མོ་བི་པིན་རཱ་ཝ་ཊ་(Bipin Rawat) ཐད་འཕུར་གནམ་གྲུའི་བརྡབ་སྐྱོན་འོག་ཏུ་སྐུ་གྲོངས་པའི་གནས་ཚུལ་བྱུང་རྗེས། ༧གོང་ས་མཆོག་གིས་སྤྱི་ཁྱབ་དམག་སྤྱི་ཆེན་མོ་ཁོང་སྐུ་གྲོངས་པར་མྱ་ངན་དང་། ཁོང་གི་ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག
ཚེས་༩ རེས་གཟའ་ཕུར་བུའི་ཉིན་སྐུ་སྒེར་གྱི་དྲ་བའི་ཐོག་ཏུ་བཀོད་པའི་ཐུགས་གསོའི་གསུང་འཕྲིན་དེའི་ནང་། ༧རིན་པོ་ཆེ་མཆོག་གིས་“དེ་རིང་རྒྱ་གར་གྱི་སྤྱི་ཁྱབ་དམག་སྤྱི་ཆེན་མོ་དང་བདེ་སྲུང་སྤྱི་ཁྱབ་དམག་དཔོན་བི་པིན་རཱ་ཝ་ཊ་(Bipin Rawat) དང་། ཁོང་དང་ལྷན་དུ་ཕྱོགས་བསྐྱོད་གནང་མཁན་གཞན་རྣམས་ཐད་འཕུར་གནམ་གྲུའི་བརྡབ་སྐྱོན་འོག་ནས་འདས་གྲོངས་སུ་གྱུར་པའི་གནས་ཚུལ་གོ་ཐོས་བྱུང་བས་བློ་ཕམ་ཤིན་ཏུ་ཆེན་པོ་བྱུང་”ཞེས་གསུངས་འདུག
དགུང་ལོ་༦༣ ལ་སོན་པའི་སྤྱི་ཁྱབ་དམག་སྤྱི་ཆེན་མོ་ཁོང་ཐད་འཕུར་གནམ་གྲུ་ལ་བསྡད་དེ་རྒྱ་གར་གྱི་མཁའ་དམག་གི་དམག་སྒར་གཅིག་ནས་བདེ་སྲུང་དམག་གི་མཐོ་སློབ་ཅིག་ལ་བསྐྱོད་པའི་སྐབས། རྒྱ་གར་ལྷོ་ཕྱོགས་ཏཱ་མུལ་ནཱ་དྷུའི་ནགས་གསེབ་ཏུ་གནམ་གྲུར་བརྡབ་སྐྱོན་བྱུང་ནས་སྐུ་གྲོངས་ཡོད་འདུག་ཅིང་། ཁོང་དང་ལྷན་དུ་ཁོང་གི་བཟའ་ཟླ་འདུས་པའི་མི་༡༢ རྐྱེན་ལམ་དུ་ཕྱིན་ཡོད་འདུག
༧གོང་ས་མཆོག་གི་གསུང་འཕྲིན་དུ། “ངོས་ནས་སྤྱི་ཁྱབ་དམག་སྤྱི་ཆེན་མོ་ཁོང་དང་། ཁོང་གི་རོགས་ཟླ་ཚོར་བསྔོ་སྨོན་དང་། རྐྱེན་ངན་དེའི་ནང་དུ་འདས་གྲོངས་སུ་གྱུར་བ་ཚང་མའི་ནང་མི་སྤུན་མཆེད་རྣམས་ལ་ཐུགས་གསོ་ཞུ་རྒྱུ་ཡིན་”ཞེས་གསུངས་པའི་ཐོག སྤྱི་ཁྱབ་དམག་སྤྱི་ཆེན་མོ་ཁོང་གིས་རྒྱལ་ཁབ་ལ་ཞབས་འདེགས་ཡུན་རིན་ཞུས་པར་“གུས་འདུད་”ཀྱང་ཞུས་གནང་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།