Skip to content
You are here:Home » བཀྲས་མཐོང་ཐེངས་འདིའི་བཀའ་ཁྲིར་འོས
དེ་ནི་འཇིག་རྟེན་པའི་ཁ་དཔེར་ཞིག་སྟེ། དཀར་ཡོལ་ཆགས་ཟིན་ཀྱང་། རི་མོ་བློ་ལ་ངེས། ཞེས་པའི་དཔེར་ལྟར་ཁོང་གི་འདས་ཟིན་པའི་ཞབས་རྗེས་ལ་དཔག་ན་ངེད་ཚོའི་གཅིག་ཀྱང་ཤེས་གསལ་ཡིན། རྒྱུ་མཚན་ནི་མང་དག་ཅིག་ཡོད་དེ། ཐམས་ཅད་བགྲང་དགོས་པ་མ་མཐོང་ལ་འདི་ནས་ཁོང་གི་རྒྱབ་སྐྱོར་བ་ཚོས་སྤྱི་ཚོགས་སུ་འགྲེམས་སྤེས་བྱས་ཟིན་པའི་དེབ་ཆུང་ནང་དུ་འཁོད་དོན། གནད་དོན་གལ་ཆེ་བར་གསུམ་སྟེ། ༼ དང་པོ་ ༽ཁོང་གི་དབུ་ཁྲིད་འོག་༧གོང་ས་མཆོག་ཐེངས་དང་པོ་ཨ་རིར་འཚམས་གཟིགས་སུ་གདན་འདྲེན་ཞུ་ཐུབ་པ་མ་ཟད། གདན་འདྲེན་ཞུས་པའི་བརྒྱུད་རིམ་ནང་སྦྱོར་དངོས་མཇུག་གསུམ་གྱི་བྱ་བ་རྣམས་ཧ་ཅང་འཐུས་གཙང་བྱུང་བ་དེ་ཡིན། ༼ གཉིས་པ་༽ ཕྱི་ལོ་༡༩༧༩ལོ་སྟེ་བསྟན་འཛིན་རྣམ་རྒྱལ་མཆོག་དང་རྒྱ་རི་བློ་གྲོས་རྒྱལ་མཚན། བཀྲས་མཐོང་བསྟན་འཛིན་དགེ་བྱེད་།
བསཽད་ནམས་སྟོབས་རྒྱལ་ཅེས་ཀྱིས་ ༼བོད་ཀྱི་གཞོན་ནུ་ལྷན་ཚོགས ༽ཀྱི་ཚོགས་པ་གསར་འཛུགས་བྱས་ཏེ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ཐེངས་དང་པོའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འཛིན་སྐྱོང་ཚོགས་ཆུང་གི་འགན་འཁུར་བཞེས་མཁན་ནང་བདམས་ཐོན་བྱུང་ཡོད། ༼ གསུམ་པ་༽ཕྱི་ལོ་༡༩༨༧ལོ་སྟེ། སྐུ་ངོ་མཆོག་གིས་༼རྒྱལ་སྤྱིའི་བོད་དོན་ཚོགས་པ ༽གསར་འཛུགས་དང་། ཨ་རི་གྲོས་ཚོགས་ཀྱིས་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཀྱི་སྙན་ཞུར་བརྡ་ལན་སྤྲད་པ་དང་། དེ་བཞིན་ཨ་རིའི་རླུང་འཕྲིན་གྱིས་བོད་སྐད་སྡེ་ཚན་གསར་འཛུགས་ཀྱིས་བོད་དོན་རྒྱང་བསྲིངས་བྱེད་རྒྱུའི་གསལ་བསྒྲགས་བསྐྱངས་ཡོད་། གོང་ཞུས་ཀྱི་གནད་དོན་དེ་དག་ལ་དཔག་ན་སྐུ་ངོ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་མཆོག་ནི་ངེད་ཚོའི་དུས་རབས་ཉེར་གཅིག་པའི་བོད་མི་གསར་བརྗེ་བ་ཞིག་ཀྱང་ཡིན་ཟེར་མི་ཆོག་རྒྱུ་ཅི་ཡང་མེད་སྙམ། དེར་བརྟེན་དེང་སྐབས་སུ་སྔོན་ཆད་སྐུ་ངོ་མཆོག་གིས་གཞུང་དངུལ་ལྐོག་ཟ་བྱས་ཚུལ་སོགས་སྐྱོན་བརྗོད་ཇི་ལྟར་བྱེད་ཀྱང་དོན་དངོས་ཐོག་ཁོང་གིས་གཞུང་དངུལ་ལྐོག་ཟ་བྱས་ཡོད་མེད་ནི་རང་གཞུང་བཀའ་ཤག་དང་དབུས་འོས་བསྡུ་ལྷན་ཁང་གིས་ཕྱི་གསལ་ནང་གསལ་བྱས་ཟིན་པས་མི་རེ་ཟུང་བཤད་ཁུལ་ཚམ་མ་གཏོགས་ནམ་ཡང་མི་རིགས་ལ་ལྷག་བསམ་དཀར་བའི་སྐུ་ངོ་མཆོག་གི་ཤུལ་དུ་ནག་ཐིགས་ཤིག་གདའ་མི་སྲིད་པར་ཐེ་མི་ཚོམ།
དེར་བརྟེན་ཇི་སྐད་དུ་བདག་བཅག་གི་སྟོན་པས། དགེ་སློང་དག་གམ་མཁས་རྣམས་ཀྱིས།། གསེར་བཅད་བརྡར་བའི་བསྲེགས་བཞིན་དུ་།། ལེགས་པར་བརྟག་ལ་ང་ཡི་བཀའ་།།བླངས་བར་བྱ་ཡི་གུས་ཕྱིར་མིན་།། ཞེས་པའི་བསྡོམས་ཚིག་ལ་བསམ་བློ་རྣལ་མ་ཞིག་བཏང་སྟེ་དེ་རིང་གི་བཀའ་ཁྲི་འདི་ངེད་ཚོས་གཅིག་ཀྱང་མ་ནོར་བྱེད་རྒྱུ་གལ་ཆེའོ།། །།