བོད་མ་ཤོར་སྔོན་གྱི་གཞུང་གི་རྩེ་དྲུང་རྒྱལ་མཚན་ཆོས་ལྡན་སྐུ་གྲོངས་འདུག
རྒྱ་ནག་གིས་བོད་ལ་ཁྲིམས་འགལ་གྱི་བཙན་འཛུལ་མ་བྱས་སྔོན་དུ་རྩེ་དྲུང་གི་ཐུགས་འགན་བཞེས་ཤིང་། ཕྱིས་སུ་༧གོང་ས་མཆོག་གི་མཛད་རྣམ་དང་པོ་སྟེ། <<ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།>>>ཞུ་དག་དང་རྩོམ་སྒྲིག་གནང་མཁན་གྱི་གཞུང་ཞབས་རྒྱལ་མཚན་ཆོས་ལྡན་སྐུ་གྲོངས་ཡོད་འདུག
བོད་གཞུང་དང་༧གོང་ས་མཆོག་ལ་ཞབས་ཞུ་ཡུན་རིང་སྒྲུབ་མཁན་གྱི་གཞུང་ཞབས་ཟུར་པ་རྩེ་དྲུང་རྒྱལ་མཚན་ཆོས་ལྡན་ནི་ཕྱི་ལོ་༢༠༢༢ ཟླ་བ་༡ ཚེས་༡༢ ཉིན་གྱི་ཨ་རིའི་མཚན་མོ་ཆུ་ཚོད་༢ ཙམ་ལ་ཨ་རི་ནས་སྐུ་གྲོངས་ཡོད་འདུག་ཅིང་། ཁོང་སྐུ་གྲོངས་སྐབས་དགུང་གྲངས་ ༡༠༣ ལ་ཕེབས་ཀྱི་ཡོད་འདུག
དེ་རིང་རེས་གཟའ་པ་སངས་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་བཀའ་ཤག་གི་ཚོགས་ཁང་དུ་དམ་པ་ཁོང་ལ་མྱ་ངན་གུས་འདུད་མཚོན་ཆེད་ཀྱི་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞིག་འཚོགས་པའི་ཐོག སྲིད་སྐྱོང་སྤེན་པ་ཚེ་རིང་གིས་“བོད་རང་བཙན་ཡིན་པའི་སྐབས་ནས་བཟུང་གཞུང་ཞབས་སྲི་ཞུ་གནང་མྱོང་མཁན་རྩེ་དྲུང་སྐུ་ངོ་རྒྱལ་མཚན་ཆོས་ལྡན་ལགས་དགུང་ལོ་བརྒྱ་ལྷག་ཕེབས་རྗེས་ཁ་སང་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག ཁོང་ལ་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་བལྟས་པ་ཡིན་ན། བོད་རང་བཙན་ཡོད་པའི་སྐབས་ཀྱི་རྩེ་དྲུང་མཐའ་མ་དེ་ཆགས་ཡོད། དེ་འདྲ་སོང་ཙང་དེ་རིང་ང་ཚོ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱིས་དབུས་པའི་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཡོངས་ཀྱིས་ཁོང་གིས་བོད་སྡེ་པ་གཞུང་དང་། བཙན་བྱོལ་དུ་འབྱོར་རྗེས་རྡ་རམ་ས་ལར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་བོད་གཞུང་དང་། གཞན་ཡང་བོད་མི་འདུས་སྡོད་ས་གནས་མང་པོའི་ནང་ཞབས་ཞུ་བསྒྲུབས་པར་བཀའ་དྲིན་རྗེས་དྲན་དང་། ཁོང་སླར་ཡང་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་ལ་སྐྱེ་བའི་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ་རེད་”ཅེས་གསུངས་འདུག
རྩེ་དྲུང་རྒྱལ་མཚན་ཆོས་ལྡན་ནི། ཕྱི་ལོ་ ༡༩༢༠ ལོར་མན་གྲོ་གུང་དཀར་སྲིབ་ན་བྱང་མ་རུ་ཕ་བྱང་ཆུབ་ཕུན་ཚོགས་དང་མ་སྐལ་བཟང་སྒྲོལ་མ་གཉིས་ཀྱི་བུ་བཞིའི་ནང་གསེས་གསུམ་པར་འཁྲུངས་ཤིང་། ཕྱི་ལོ་༡༩༣༠ ལོར་ལྷ་སར་སློབ་གྲྭར་བསྐྱོད། ཕྱི་ལོ་༡༩༣༥ ལོར་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོར་བསྐྱོད་ནས་སློབ་གཉེར་གནང་།
ཕྱི་ལོ་ ༡༩༤༦ ལོར་བོད་གཞུང་གི་རྩེ་དྲུང་དུ་བསྐོ་བཞག་བྱུང་བ་དང་། ཕྱི་ལོ་ ༡༩༤༨ ལོར་སྐུ་སྒེར་མཛོད་སྦུག་གི་ལས་བྱ་དང་སྤྱན་བབས་ཕོ་བྲང་གི་ཁང་གཉེར་གཅིག་ལྕོགས་གནང་། ཕྱི་ལོ་ ༡༩༥༩ ཟླ་ ༠༣ ཚེས་ ༢༠ དགོང་དྲོར་སྐྱབས་བཅོལ་དུ་ཕེབས་པ་དང་། ཕྱི་ལོ་༡༩༦༤ ལོར་ཤེས་རིག་དྲུང་ཆེར་བསྐོ་བཞག་དང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མིང་མང་ཞུ་དག་ཞུས། ཕྱི་ལོ་ ༡༩༦༧ ལོར་ལྡི་ལི་དོན་གཅོད་ཁང་དུ་ནང་སྲིད་སྡེ་ཚན་གྱི་འགན་འཛིན་དང་དངུལ་གཉེར་གཅིག་ལྕོགས་གནང་། ཕྱི་ལོ་ ༡༩༦༩ ལོར་ནང་སྲིད་དྲུང་ཆེར་བསྐོ་བཞག་དང་། ཕྱི་ལོ་ ༡༩༧༦ ལོར་ཀོ་ལི་གྷལ་གྱི་གཞིས་འགོར་བསྐོ་བཞག་གནང་། ཕྱི་ལོ་ ༡༩༨༠ ཟླ་ ༠༥ ཚེས་ ༠༨ ཉིན་ལུགས་ཟུང་བསམ་གྲུབ་གླིང་གི་གཞིས་འགོར་བསྐོས། ཕྱི་ལོ་ ༡༩༨༢ ཟླ་ ༠༥ ཚེས་ ༡༥ ཉིན་མོན་གྷོ་འདོད་རྒུ་གླིང་གི་གཞིས་འགོར་བསྐོ་བཞག་དང་། ཕྱི་ལོ་ ༡༩༨༩ ལོར་མོན་གྷོ་གཏན་སློབ་ཀྱི་སློབ་སྤྱིར་བསྐོ་བཞག་གནང་རྗེས། ཕྱི་ལོ་ ༡༩༩༢ ལོར་ལས་བྱེད་རྒས་ཡོལ་དུ་ཕེབས་ཡོད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།
