སྐད་ཆ་རྡོག་པོ།

རི་བོ་སྟོང་གིས་ཆོད་པའི་ཕ་མཐའ་ན།།

ཁུ་སིམ་རླུང་གིས་གཏོར་བའི་གསར་འགྱུར་དེར།།

དཀར་དམར་ཚོན་ཁྲ་བཏང་པའི་ངོས་ངོ་དེ།།

དེ་རིང་རང་ཅག་གདོང་གི་རང་བཞིན་བཞུགས།།


ངོ་ལ་ངོ་རྟགས་བརྒྱབ་པའི་འུར་ཟིང་ན།།

སྐད་ཆ་རྡོག་པོར་བྲོ་བ་མངར་སྐྱུར་རེ།།

བྲོ་བ་མངར་མོར་ཚོར་བའི་ལྕེ་རྩེ་ཡིས།།

སླར་ཡང་སྐད་ཆའི་གྲོད་ཁོག་བསྔོག་དགོས་བྱུང་།།

 

གསེར་འོད་ལམ་ལམ་འཚེར་བའི་ཕྲེད་ལམ་སྟེང་།།

བག་ཡངས་རྒྱུ་བ་བརྩམས་པའི་སྐལ་བ་འདི།།

སྐད་ཆར་སྐད་ཆས་འབུད་པའི་ལྡོག་ལུགས་ཀྱིས།།

ང་ཡང་ས་མཐར་གྱེས་པའི་ངན་བལྟས་བྱུང་།།

 

སྐད་ཆ་ཐིགས་པ་སེར་པོ་གསེར་ཡིན་ཀྱང་།།

སྐད་ཆས་སྐད་ཆ་བཏེགས་པའི་གཏམ་རྒྱུད་ན།།

མུན་པ་རིམ་པ་དགུ་ཡི་འུབས་ཡོད་པས།།

ལག་པས་གང་སྙོབ་ཁ་ནས་སྐྱུག་དགོས་འཁེལ།།

 

སྤྲིན་དཀར་རྐང་ལམ་སྤྱད་པའི་བྱ་རྒོད་ཚོས།།

བཞི་མདོ་དེ་ན་བགྲོད་ལམ་ཡོངས་བརླག་ནས།།

གང་ལ་དམིགས་འབེན་གཟས་པའི་བསམ་བློ་རྣམས།།

ནུས་སྟོབས་རྩལ་ཤུགས་ཡོད་ཚད་བག་ལ་ཞར།།

 

གནམ་ས་དུང་དཀར་མཐོང་བའི་མིག་འབྲས་རྣམས།།

གཉིད་ཀྱི་ཕར་ངོས་ལུང་ན་ལུས་པས་ན།།

ཚུར་རོལ་བག་ཡངས་རྒྱུ་བའི་བྱིས་པ་ཚོས།།

གནམ་སའི་འགྲེལ་བརྗོད་ཁ་ནས་འབུད་ཐབས་བྲལ།།

 

གནས་ས་སྟེང་འོག་མཐོང་བའི་མིག་ཁ་ནས།།

རང་གི་བྲང་ཁར་རང་གིས་རྡུང་བཞིན་དུ།།

རང་གི་བྲང་ཁོག་རང་གིས་གསོ་བཞིན་དུ།།

བྱེ་ཐང་ཚ་བོ་འདི་ན་གོམ་བགྲོད་བྱས།།

 

ཁོག་གི་རྒྱུ་བ་ཁ་ནས་བཞུར་བ་འདི།།

བྱེ་ཐང་ཚ་བ་ཁྲོད་འདིར་ངལ་གསོ་ཡིན།།

ཁོག་གི་མཆི་མ་ཁ་ནས་བཞུར་བ་འདི།།

རང་གི་བྲང་ཁར་གསོ་བའི་ཆུ་འཁྱགས་ཡིན།།

 

༢༠༡༡ ཉིན་༧གོང་ས་མཆོག་གི་གསུང་ཆོས་སྐབས་ཤར་རྩེའི་ཆོས་ར་ནང་བྲིས།།