བཀའ་ཁྲིར་འོས་མི་རྒྱབ་གཉེར་ལ་དཔྱད་དགོས།
འོན་ཀྱང་ངས་འདིར་གསལ་བཤད་ཞུ་ཡག་ལ་མཁས་དབང་བློ་སེང་གི་མ་འོངས་ལས་འཆར་ཁག་ང་ཚོར་གསལ་བོ་བྱུང་སོང་ཞེས་བསྔགས་བརྗོད་བྱས་པ་ལས་ངས་ཁོང་བཀའ་ཁྲིར་ལ་གདམ་གྱིན་ཡིན་ཞེས་གཏན་ནས་བྲིས་མེད། གང་ཡིན་ཞེས་ན་ད་དུང་བཀའ་ཁྲིའི་འོས་མི་གཞན་གཉིས་ཀྱིས་མ་འོངས་ལས་འཆར་སྐོར་གསལ་བསྒྲགས་གནང་རྒྱུ་རེད། ཁོང་གཉིས་ཀྱིས་མ་འོངས་ལས་འཆར་གསལ་བསྒྲགས་གནང་རྗེས་དེ་དག་ལ་དཔྱད་ཞིབ་ཡག་པོ་བྱས་ནས་ཐག་བཅད་བྱ་རྒྱུ་ཡིན། འོན་ཀྱང་ད་ཕན་ང་ཚོས་འོས་མི་གསུམ་གྱི་སྐོར་ལ་དབྱེ་ཞིབ་མང་པོ་གནང་བ་རེད་མ་འོངས་པ་ལ་ཡང་ངེས་པར་དུ་རྟོག་ཞིབ་གནང་དགོས་པ་ལས་ཧང་ཚོད་གཏན་ནས་བྱེད་མི་རུང་། འདི་ནི་ཁྱིམ་ཚང་ཞིག་གི་གནད་དོན་གཏན་ནས་མ་རེད་ཅེས་ཞུ་འདོད་བྱུང་། ད་དུང་ང་ཚོས་བརྟག་དཔྱོད་ངེས་པར་དུ་བྱེད་དགོས་པ་ནི་བཀའ་ཁྲིའི་འོས་མི་བཀྲས་མཐོང་དང་བློ་སེང་གཉིས་ཀྱི་འདས་པའི་ལོ་རྒྱུས་ཁྲོད་དུ་བོད་མིའི་རྩ་དོན་ལ་གནོད་གཞིའི་ལས་དོན་འདྲ་མིན་བྱུང་སྐོར་དཔེར་ན་བློ་སེང་མཆོག་རྒྱ་ནག་ཏུ་ཕེབས་པ་དང་། ལག་དེབ་ལྗང་ཁུའི་སྐོར་སོགྶ་དང་། ཡང་བཀའ་ཟུར་བཀྲས་མཐོང་མཆོག་ལ་དངུལ་སྒོར་འབུམ་བརྒྱད་བརྒྱ་ལྔ་བཅུ་ང་དགུའི་སྐོར་སོགས་དངོས་ཡོད་ཡིན་ནམ་དཀྲོག་གཏམ་ཡིན་མིན་ཤེས་མ་ཐུབ་པའི་གླེང་རྙོག་སྣ་ཚོགས་སྤེལ་བྱུང་ལ། དེ་དང་མཉམ་དུ་མང་ཚོགས་ནང་དུའང་གླེང་སློང་ཤུགས་ཆེ་བྱུང་སོང་། དེ་ལ་ཁོང་གཉིས་དང་སོ་སོའི་རྒྱབ་སྐྱོར་བ་རྣམས་ཀྱིས་དེ་དག་དཀྲོག་གཏམ་ཞིག་ལས་དངོས་ཡོད་མིན་པའི་གསལ་བཤད་དང་། དེ་ལ་འབྲེལ་ཡོད་བོད་གཞུང་ལས་ཁུངས་ཁག་ནས་རྒྱབ་གཉེར་་ཡིག་ཆ་འདྲ་མིན་བླངས་ནས་ཁུངས་སྐྱེལ་འགྲོ་མིན་ལ་མ་བལྟོས་པར་སྤྱི་ཚོགས་སུ་སྤེལ་དང་སྤེལ་མོས་རེད། དེའང་མཁས་དབང་བློ་སེང་མཆོག་གིས་རྒྱབ་གཉེར་ཡིག་ཆ་སོགས་ཁག་དྲུག་མ་འོངས་ལས་མཆར་གྱི་ཕྱག་དེབ་ནང་དུ་སྤེལ་གནང་འདུག་པས་དེ་དག་དཀྲོག་གཏམ་ཡིན་པ་ཧ་ཅང་གསལ་བོར་གནང་ཐུབ་འདུག་སྙམ། འོན་ཀྱང་སྐུ་ངོ་བཀྲས་མཐོང་གི་རྒྱབ་སྐྱོར་བ་རྣམས་ཀྱིས་བཀའ་དྲུང་ཡིག་ཚང་ལས་དླངས་བའི་རྒྱབ་གཉེར་ཡིག་ཆ་ནི་ཁ་གསལ་བོ་མེད་པས་ང་ཚོས་དབྱེ་ཞིབ་གནང་དགོས། དེ་ཡང་བཀའ་དྲུང་ཡིག་ཚང་ནས་གནང་བའི་ཡིག་ཆ་གཤམ་གསལ།
༼ གཤམ་གསལ་ནི་སྐུ་ངོ་བཀྲས་མཐོང་ལ་རྒྱབ་སྐྱོར་བ་རྣམས་ཀྱིས་སྤེལ་བ་རེད།༽
༄༅། མཚུངས་མེད་༢༠༡༡ལོའི་བཀའ་ཁྲིའི་འོས་མི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་རྒྱབ་སྐྱོར་གནང་མཁན་དང་བོད་ཀྱི་ཆེད་ལངས་མཁན་stant up 4tibet ཚོགས་པ་ཐུན་མོང་གང་དེར།
ཆེད་ཞུ། དེ་ནས་༢༠༡༠ཟླ་ཚེས་མ་འཁོད་པའི་ཞུ་སྙན་ཕུལ་འབྱོརནང་། བཀའ་ཀྲིའི་འོས་མི་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་དེ་སྔོནབཀའ་བློན་གནང་བའི་སྐབས་སུ་ཁོང་གི་དངུལ་འབུམ་མང་པོ་བར་ཟས་བྱས་པ་རེད་ཅེས་དཀྲོག་གཏམ་དང་ཡིག་འཁྱམ་མང་པོ་སྤེལ་བཞིན་འདུག་པར་དོན་དངོས་གཞུང་གི་སྔོན་རྩིས་དང་འགྲོ་སོང་ཁ་མ་འདུན་པའིིི་གནད་དོན་ཞིག་ལས་ཁོང་གི་བར་བཟོས་བྱས་པ་ཞིག་མིན་པའི་བདེན་རྫུན་ཅི་ཡིན་བོད་གཞུང་གི་ངོས་ནས་གསལ་བཤད་ཅིག་གནང་སྐྱོང་ཡོང་བའི་ གནད་དོན་དཔལ་ལྡན་ བཀའ་ཤག་ཏུ་སྙན་གསན་ཞུས་པར། གཞུང་གི་སྔོན་རྩིས་དང་འགྲོ་སོང་ཁ་མ་འདུམ་པའི་གནད་དོན་ཞིག་ཡིན་པ་དེ་སྔ་ ༡༩༩༥ ཕྱི་ཟླ་ ༥ ཚེས་ ༡ ཉིན་གྱི་གཞུང་འབྲེལ་གསར་ཤོག་བོད་མིའི་རང་དབང་ནང་གསལ་བཤད་གནང་བའི་ངོ་བཤུས་འདི་མཉམ་ཟུར་བསྲིངས་ཡོད་པ་ནས་མཁྱེན་རྟོགས་ཡོང་རྒྱུ་དེ་དོན་དགོངས་འཇགས་ཞུ། བཀའ་དྲུང་ཡིག་ཚང་ནས་ ༢༠༡༠ ཟླ་ ༡༡ ཚེས་ ༨ ལ།། །།
རྒྱབ་གཉེར་ཡིག་ཆ་འདིས་ནི་བདེན་རྫུན་ཇི་ཡིན་གསལ་བཤད་ཅི་ཡང་གནང་བར་སྔ་༡༩༩༥པོར་རང་དབང་གསར་ཤོག་ནང་གསལ་བཤད་གནང་འདུག་ཅེས་པ་ཙམ་རེད། ༡༩༩༥ལོའི་རང་དབང་ནང་དུ་གསལ་གཤད་གནང་མཁན་ཡང་སྐུ་ངོ་བཀྲས་མཐོང་ཁོ་རང་རེད་འདུག དེར་བརྟེན་བཀའ་དྲུང་ཡིག་ཚང་གིས་གསལ་བོ་གནང་མ་བདེ་བར་བལྟས་ན་ཏན་ཏན་གླེང་རྙོག་བྱུང་ཡོད་དམ་སྙམ། སྐབས་དེར་ ༡༩༩༥ལོའི་རང་དབང་གསར་ཤོག་ནང་དུ་སྐུ་ངོ་བཀྲས་མཐོང་མཆོག་ནས་དངུལ་སྒོར་འབུམ་མང་པོའི་སྐོར་གླེང་སློང་བར་གསལ་གཤད་ཁག་བཞི་གནང་བའི སྙིང་དོན་གཤམ་གསལ་འདི་རེད། ༡༽དཔལ་འབྱོར་བཀའ་བློན་སྐབས་སུ་དངུལ་སྒོར་འབུམ་༧༠༠སྐོར་ལ་གསལ་བཤད་ནི་སྔོན་རྩིས་དང་བྱུང་སོང་ཁ་འདུམ་པ་རེད་ཅེས་གསུངས། {འདི་ཙམ་གྱིས་དཀྲོག་གཏམ་ཡིན་པ་གང་ཡང་མཁྱེན་རྟོགས་མི་ཐུབ་}༢༽གསལ་བཤད་གཉིས་པ་འདི་ནི་ཧ་ཅང་གལ་ཆེ་བས་འདིར་ཆ་ཚང་འགོད་ན་འདི་ལྟར།
༼རང་དབང་གསར་ཤོག་ནང་ཇི་བཞིན་བཀོད་ཡོད།༽ དྲི་བ་༢པ། ཉི་ཧོང་དོན་ཟུར་པདྨ་རྒྱལ་པོ་ནས་ཅེག་འཛིན་ལྔའི་དངུལ་འབབ་ཧིན་སྒོར་འབུམ་༥༤ ཙམ་བཀའ་ཤག་ལ་ཕྱག་འབྱོར་བྱུངམིན་ཚོར་སྣང་མེད་པ་ལྟ་བུས་གྲོས་ཚོགས་སུ་ཉིན་སྔ་པྱིའིདབར་མཐའ་གཅིག་ཏུ་རྒྱབ་འགལ་དུ་སོང་བའི་བཀའ་ལན་གནང་སྟངས་ཞེས་༼དམངས་གཙོ་གསར་ཤོག་ཏུ་༽གསལ་བ་དེར། དགོངས་ཚུལ་ཇི་ཡོད་ཅེས་ཞུས་པར་བཀའ་ལན་དུ། ༼སྐུ་ངོ་བཀྲས་མཐོང་ནས་༽ ཉི་ཧོང་དོན་ཟུར་པདྨ་རྒྱལ་པོས་བཀའ་ཤག་ལ་ཕུལ་བའི་ཕྱག་དངུལ་དེའི་སྐོར། གྲོས་ཚོགས་སུ་གསལ་བཤད་ཞུས་ཚར་བའི་གནས་ཚུལ་རྙིང་པ་ཞིག་བསྐྱར་དུ་༼དམངས་གཙོ་གསར་ཤོག་ཏུ༽བཀོད་འདུག དེའི་རྩ་བའི་དངུལ་དེ་དག་བཀའ་ཤག་ལ་འབྱོར་བ་རེད། སྐབས་དེར་སྤྱི་འཐུས་ནང་དྲི་བ་བྱུང་སྐབས་བཀའ་དྲུང་ཡིག་ཚང་ནང་འབྱོར་ཡོད་མེད་ང་ཚོས་རྩད་གཅོད་ཞུ་དུས་ལས་བྱེད་པ་ཚོས་ལམ་སེང་ཡིག་ཆ་མ་རྙེད་སྟབས་འབྱོར་མེད་པར་རྩིས་ཏེ་ང་ཚོས་འབྱོར་མི་འདུག་རྩད་གཅོད་བྱ་རྒྱུ་ཡིན་ཞེས་གྲོས་ཚོགས་སུ་ཞུས་པ་རེད། འོན་ཀྱང་གྲོས་ཚོགས་ཚུགས་བསྡད་པའི་སྐབས་དེར་བསྐྱར་དུ་ཡིག་རྩད་ཞིབ་ཕྲ་བྱས་ཏེ་ལྟ་དུས་སྔོན་མ་ནས་དངུལ་ཁང་བརྒྱུད་འབྱོར་ཏེ་བཀའ་ཤག་གི་རྩིས་ཁོངས་སུ་བཅུག་ཟིན་པ་ཞིག་རེད་འདུག དངོས་ཡོད་ཀྱི་གནས་ཚུལ་དེ་འདྲ་ཞིག་རེད་མ་གཏོགས་དེ་ལས་གཞན་པའི་ཆད་ལུས་ཤོར་བའི་གནས་ཚུལ་གང་ཡང་མ་རེད།
གསལ་བཤད་འདིར་བལྟས་ནས་སྐུ་ངོ་མཆོག་ལ་དབྱེ་ཞིབ་དྱེད་ན་སྐབས་དེར་ལས་ཁུངས་ཁག་ཏུ་ལས་དོན་ཞིབ་ཚགས་མེད་པ་ཧ་ཅང་གསལ་བོ་རེད་འདུག གང་ཡིན་ཞེས་ན། དངུལ་འབོར་ཆེན་པོ་དེ་བཀའ་ཤག་ལ་འབྱོར་ཡོད་མེད་བཀའ་བློན་གཙོས་ལས་བྱེད་པ་རྣམས་ཀྱིས་མ་ཤེས་པ་དང་། ད་དུང་འབྱོར་མིན་འདུག་ཅེས་ཐག་གཅད་གནང་བ་སོགས་ནི་ཧ་ཅང་མི་མཛེས་པ་ཞིག་འདུག
༣༽ལེ་ནའི་ཚོང་འབྲེལ་ཆེད་རྒྱ་གར་སྒེར་པ་ཞིག་ལ་སྒོར་འབུམ་༤༥སྤྲད་པ་དང་རྗེས་སུ་ལ་དྭགས་མི་མང་ཉམ་ཆུང་ལ་གྱོང་གུན་ཆེན་པོ་ཕོག་པའིསྐོར་ལ་སྐུ་ངོ་མཆོག་ནས་དེ་ནི་ཚོད་ལྟ་ཡིན་ཚུལ་དང་། རྗེས་སུ་རྒྱ་གར་དེ་ལས་སྒོར་འབུམ་༡༠་མ་གཏོགས་རག་ཟིན་ལུགས་དང་། ལྷག་མ་ལང་མ་རག་ཀྱང་མི་མང་གི་དཀའ་ངལ་སེལ་རྒྱུར་བཀའ་ཤག་ནས་ནང་སྲིད་ལ་བཀའ་སེལ་གནང་རྒྱུའི་ཐུགས་འགན་བཞེས་དགོས་པའི་བཀའ་ཁྱབ་གནང་ཡོད་སྐོར་གསུངས་འདུག
འདིར་བལྟས་ནའང་སྐབས་དེར་གཞུང་དང་མི་མང་ཉམས་ཆུང་མང་པོ་ལ་གྱོང་གུན་ཆེན་པོ་ཕོག་ཡོད་པ་གསལ་བོ་རེད་འདུག
༤༽རྡ་སྟེང་བོད་ཀྱི་གསོལ་མགྲོན་ཁང་ཉམས་གསོལ་ཙམ་གྱི་ཆེད་དུ་སྒོར་འབུམ་༦༠བཏང་བའི་སྐོར་ལ། སྐུ་ངོ་མཆོག་ནས་མགྲོན་ཁང་ཉམས་གསོ་ཙམ་ལ་སྒོར་དེ་འདྲ་དངོས་གནས་བཏང་ཡོད་དེར་བརྟེན་དེང་སང་ཁེ་སྤོགས་ཡག་པོ་བྱུང་ཚུལ་གསུངས་འདུག
སྤྱི་སྟངས་ལས་དོན་ཞིབ་ཕྲ་གནང་ཡོད་ན་དྲི་བ་འདི་འདྲར་གསལ་བཤད་གནང་སྟངས་ཧ་ཅང་སྟབས་བདེ་བོ་རེད། ཉམས་སོག་འདི་དང་འདི་བཏང་ཡོད་ལ་རྩིས་ཁྲའི་འདི་དང་འདི་རེད་ཅེས་གསལ་བོ་བསྟན་བཞག་ན་འགྲིག་ཀྱང་དེ་འདྲ་གནང་མིན་འདུག