རྩོམ་པ་པོ་དཀོན་མཆོག་ཚེ་འཕེལ་ལོ་ངོ་༡༣ རྗེས་བཙོན་གྲོལ་བཏང་ཡོད་འདུག
བོད་ཀྱི་རྩོམ་པ་པོ་དང་དགེ་རྒན། ཁོར་ཡུག་དོན་གཉེར་བ་དཀོན་མཆོག་ཚེ་འཕེལ་མི་ལོ་༡༣ རིང་བཙོན་ཁང་དུ་བཅུག་རྗེས་བཙོན་འཇུག་དུས་བཀག་མ་ཟིན་པའི་ལོ་གཉིས་ཀྱི་གོང་སྟེ། ཟླ་༣ པའི་ཚེས་༡༨ ཉིན་གློད་གྲོལ་ཐོབ་ཡོད་པའི་ཡོད་འདུག་ཀྱང་། མུ་མཐུད་ལོ་བཞིར་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་ཡོད་པ་རེད།
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་དོན་ལ། འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ཀྱིས་བོད་ཀྱི་རྩོམ་པ་པོ་དང་དགེ་རྒན། ཁོར་ཡུག་དོན་གཉེར་བ་དཀོན་མཆོག་ཚེ་འཕེལ་ལ་རྒྱ་གཞུང་གིས་མི་ལོ་བཅོ་ལྔའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བཏང་ཡོད་ཅིང་། ཀན་སུ་ཞིང་ཆེན་ལན་ཌུ་གྲོང་ཁྱེར་གྱི་ཉེ་འགྲམ་ཌིང་ཞི་ཡི་བཙོན་ཁང་མི་འདྲ་བ་གཉིས་ཀྱི་ནང་དུ་བཙོན་འཇུག་བྱས་ཡོད་པ་རེད། ཁོང་ཉིད་བཙོན་ཁང་ནས་གློད་གྲོལ་ཐོབ་ཀྱང་མུ་མཐུད་ལོ་བཞིར་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་ཡོད་པར་བརྟེན། དུས་རྒྱུན་ལྟར་ཁོང་དང་ཁོང་གི་ནང་མིར་ད་དུང་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་ཤེས་ཐུབ། ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་སྐབས་ཉེན་རྟོག་པར་ཁྲིམས་ལ་ལྟོས་མེད་ཀྱི་དབང་ཚད་ཡོད་པར་བརྟེན་ཁོང་གི་འགྲོ་འདུག་སྤྱོད་གསུམ་ཐད་དམ་དྲག་ཆེན་པོ་ཡོད་པ་སྨྲོས་མེད་ཡིན་ཞེས་བཀོད་འདུག
དཀོན་མཆོག་ཚེ་འཕེལ་འཇུ་བཟུང་མ་བྱས་པའི་གོང་དུ་ཁོང་གིས་གཞུང་འབྲེལ་ལས་ཁུངས་ཤིག་ཏུ་ཁོར་ཡུག་ལས་བྱེད་པའི་ལས་ཀ་བྱེད་བཞིན་ཡོད་པ་དང་། ཁོས་གིས་“མི་རབས་གསུམ་པའི་བོད་ཀྱི་སྙན་ངག་པ་”ཞེས་པའི་རྩོམ་རིགས་ལས་འགུལ་སྤེལ་མཁན་སྙན་ངག་པ་གྲགས་ཆེན་སྐྱབས་བདེ་གྲོལ་དང་ལྷན་དུ་བོད་ཀྱི་རྩོམ་རིགས་སྐོར་གྱི་དྲྭ་ཚིགས་ཐོག་མ་“མཆོད་མེ་བོད་ཀྱི་རྩོམ་རིག་དྲྭ་བ་”གསར་འཛུགས་གནང་།
དཀོན་མཆོག་ཚེ་འཕེལ་ཕྱི་ལོ་༢༠༠༩ ལོའི་ཟླ་༢ ཚེས་༢༦ ཉིན་གྱི་ཞོགས་པ་རང་ཁྱིམ་བསྔོག་བཤེར་དང་གློག་ཀླད་དང་པར་ཆས། ལག་འཁྱེར་ཁ་པར་སོགས་བཙན་འཕྲོག་བྱས་རྗེས་འཇུ་བཟུང་བྱས་པ་དང་། ལོ་དེའི་ཕྱི་ཟླ་༡༡ པའི་ཚེས་༡༢ ཉིན་ཀན་ལྷོ་མི་དམངས་འབྲིང་རིམ་ཁྲིམས་ཁང་ཟེར་བས་གསང་བའི་ཁྲིམས་བཤེར་བརྒྱུད་“རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་”ཞེས་པའི་ཉེས་མིང་འོག་ལོ་༡༥ ཡི་བཙོན་འཇུག་ཁྲིམས་ཆད་བཏང་འདུག གསང་བའི་ཁྲིམས་བཤེར་སྐབས་སུ་ཁོང་གི་དྲྭ་ཚིགས་ནང་གི་གནས་ཚུལ་དང་ཕྱི་ལོ་༢༠༠༨ ལོའི་ས་བྱི་ཞི་བའི་ངོ་རྒོལ་ཆེན་མོའི་སྐབས་སུ་རྒྱ་གཞུང་ཉེན་རྟོག་པའི་གདུག་རྩུབ་ཀྱི་བྱ་སྤྱོད་རྣམས་ཕྱི་ལོགས་སུ་བརྒྱུད་སྤྲོད་བྱས་པ་སོགས་ཀྱི་ནག་ཉེས་བསགས་ཚུལ་བཤད་ཡོད་པ་རེད། ཕྱི་ལོ་༢༠༠༩ ལོའི་ཟླ་༡༡ ཚེས་༡༢ ཉིན་ཁྲིམས་ཁང་གི་ཉན་ཞིབ་ཆེད་ཁོང་གི་ནང་མི་སྐད་བཏང་བ་མ་གཏོགས་དེའི་གོང་གི་ཟླ་བ་དགུ་ཙམ་གྱི་རིང་ཁོང་ཉིད་བཙན་དབང་འོག་གར་སོང་ཆ་མེད་གྱུར་བའི་གནས་བབ་འོག་ལྷུང་།
དཀོན་མཆོག་ཚེ་འཕེལ་ནི་ཕྱི་ལོ་༡༩༧༠ ལོར་མདོ་སྨད་རྨ་ཆུ་རྫོང་དངུལ་ར་སྡེ་པའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་ཤིང་རྒྱ་བོད་སྐད་ཡིག་གཉིས་ལ་སློབ་གཉེར་གནང་། ཕྱི་ལོ་༡༩༨༩ ལོར་རྒྱ་གར་དུ་འབྱོར་ཏེ་སུ་ཇཱ་བོད་ཁྱིམ་སློབ་གྲྭ་རུ་སློབ་ཞུགས་གནང་ནས་ལོ་གསུམ་ལ་དབྱིན་བོད་སྐད་གཉིས་ཐོག་སློབ་སྦྱོང་གནང་། ཕྱི་ལོ་༡༩༩༤ ལོར་ཕྱིར་བོད་དུ་ཕེབས། ཕྱི་ལོ་༡༩༩༥ ལོའི་བོད་ཟླ་གསུམ་པའི་ནང་ཀན་སུ་ཞིང་ཆེན་གྱི་རྒྱ་གཞུང་ཉེན་རྟོག་པས་ཁོང་ཉིད་ཆབ་སྲིད་ཀྱི་ལས་འགུལ་དང་འབྲེལ་བ་ཡོད་པར་བསྙད་དེ་བཀག་ཉར་བྱས་ཤིང་ནག་ཉེས་གང་ཡང་མེད་ཀྱང་ཟླ་བ་གཉིས་ཙམ་གྱི་རིང་ཁྲིམས་འགལ་བཀག་ཉར་བྱས་མ་ཟད་བཙན་ཤེད་ཀྱི་འདྲི་བརྩད་དང་རྡུང་རྡེག་མནར་གཅོད་ཚད་མེད་བཏང་རྗེས་ནག་ཉེས་འགེལ་རྒྱུ་མེད་པར་གློད་གྲོལ་བཏང་ཡོད།
ཕྱི་ལོ་༡༩༩༦ ལོར་ཁོང་གིས་པེ་ཅིང་མི་རིགས་སློབ་ཆེན་ནས་དབྱིན་ཇི་དང་རྒྱ་ཡིག་སྦྱངས། ཕྱི་ལོ་༡༩༩༧ ནས་༡༩༩༩ བར་ལན་ཌུ་གྲོང་ཁྱེར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་དབྱིན་ཡིག་སྦྱངས། ཕྱི་ལོ་༢༠༠༤ ལོར་རྨ་ཆུ་རྫོང་འབྲིང་རིམ་སློབ་གྲྭ་རུ་དབྱིན་བོད་སྐད་གཉིས་དགེ་རྒན་གྱི་ཕྱག་ལས་གནང་སྐབས་ཁོང་ལ་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ། ཕྱི་ལོ་༢༠༠༥ ལོར་སྙན་ངག་པ་སྐྱབས་ཆེན་བདེ་གྲོལ་དང་ལྷན་དུ་གནའ་དེང་བོད་ཀྱི་རྩོམ་རིགས་དར་སྤེལ་ལ་དམིགས་ནས་མཆོད་མེད་བོད་ཀྱི་དྲྭ་བ་འགོ་འཛུགས་གནང། མཆོད་མེ་དྲྭ་བར་རྒྱ་གཞུང་གིས་སྔ་ཕྱིར་ལོ་མང་རིང་དོ་དམ་ནན་པོ་བྱས་པ་མ་ཟད་ཕྱི་ལོ་༢༠༠༧ དང་༢༠༠༨ བར་ཐེངས་འགར་སྒོ་བརྒྱབས་ཡོད་པ་རེད་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གཞུང་ལ་དཀོན་མཆོག་ཚེ་འཕེལ་གྱི་འགྲོ་འདུག་སྤྱོད་གསུམ་ཐད་མུ་མཐུད་དམ་དྲག་མི་བྱེད་པའི་འབོད་སྐུལ་ནན་མོ་ཞུ་རྒྱུ་ཡིན་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།