ང་ལ་ལོ་གསར་སྐོར་མ་གསུངས་རོགས།

མིག་མཐར་མཆི་མས་སྦག་པའི་མཐོང་སྣང་དུ་ནམ་ཡང་བརྩེ་བའི་ཕ་མ་གཉིས་རེད། ངའི་སྙིང་ནས་བརྩེ་བའི་ཡབ་ཡུམ་གཉིས། ཁྱེད་ཀྱི་གཅེས་ཕྲུག་ང་། ཆ་མི་མཉམ་པའི་ལས་དབང་ཞིག་གིས་རང་ཉིད་ཀྱི་གྲིབ་གཟུགས་ནག་པོ་འདི་དང་འགྲོགས་ནས་ད་རུང་ས་མཐའ་འདིར་ལྡོམ་བཞིན་ཡོད། འོན་ཀྱང་ངས་ཀ་མད་སུམ་ཅུ་བཙན་འདེད་བྱས་ཀྱང་ཁྱེད་ལ་ངོ་སྤྲོད་མི་ཐུབ་པ་ནི། ས་མཐའི་འཚོ་བ་འདི་རེད།

ཨ་ཕ།  ཁྱེད་ཀྱིས་གསོན་དང༌། སྐྱོ་གདུང་གི་མྱ་ངམ་ཐང་དུ་ཚ་གདུང་གིས་མནར་གཅོད་ཕོག་པའི་ཁྱེད་ཀྱི་བུ་ང༌། བོད་ཀྱི་ལོ་གསར་འདི་ཚེས་ཐེངས་རེར་སྐྱོ་བ་སྟོང་གིས་སེམས་པ་བརྣངས་ནས་མིག་ཆུ་དྭངས་མོས་བྲང་སྒོ་རྡུང་ཡོང་གི་འདུག ད་རུང་དྲན་གདུང་གི་སེམས་པ་ཡ་གཅིག བདག་མེད་ཀྱི་འཁྱམ་པོ་རྐང་གཅིག འདི་ཤོག་ཟེར་མཁན་མེད་ལ། འདི་སྡོད་ཟེར་མཁན་ཡང་མེད་པར་མ་ཟད། འདི་མཆོད་་གསུང་མཁན་ནི་དེ་བས་ཀྱང་མེད། ཡིན་ནའང་ཉི་མ་ཤར་ཐེངས་རེར་རང་འགུལ་གྱིས་ནུབ་འགྲོ་གིན་འདུག་པས། སྲན་རྩམ་གྱི་འཚོ་བ་ངན་ངོན་ཁྲོད་ཁྱེད་ཀྱི་བུ་ང་ད་རུང་གྲང་རླུང་གིས་བཟུང་པའི་ས་མཐའ་འདིར་གསོན་པོར་ལྷག་ཡོད།

ཨ་མ། མཚམས་རེར་མི་ཚེའི་འཚོལ་བསྙེགས་ཞིག་གིས་སམ། ཕ་གཉེན་གྱི་ལ་རྒྱ་ཞིག་གིས་དེད་པ་ཡིན་ན། བླ་ཆེན་ཚོའི་གཟིམ་ཆུང་ནང་ནས་རིགས་རུས་གླེང་མྱངས་ལ། འབྱོར་ལྡན་གྱི་ཕྱུག་པོའི་སྒོ་ནས་མི་རྒྱུད་འབོད་མྱངས། འོན་ཀྱང་སྐབས་རེར་རྟ་ཡིས་མཐོ་བ་དང༌། སྐབས་རེར་གད་པས་མཐོ་ཚུལ་བཤད་པ་གང་ལྟར་ཡང་དེ་ནི་གསུབ་ཐབས་མེད་པའི་ཤ་ཁྲག་གི་འབྲེལ་བ་ཤིག་གིས་རེད་མོད། མིག་ལམ་དུ་མཐོང་བ་ནི་ངོ་གནག་གི་བཞིན་རས་དང་། རྣ་ལམ་དུ་ཐོས་པ་ནི་ཧ་མི་གོ་ཟེར་བའི་ཁེངས་གཏམ་རེ་རེད། དེ་ཚོ་སྙིང་ནད་བསང་བའི་འཁོན་ལན་ཞིག་མ་རེད་ཀྱང༌། ཡུལ་དུས་ཀྱིས་བྱེས་པའི་ཆེ་ཉམས་རེ་དང༌། གཉེན་ཚན་གྱི་རྩིས་འགོ་རྒྱུ་ནོར་ལ་ཐུག་སོང་བས་ཡིན་ཚོད་རེད། ཨ་མ། གང་ལྟར་ཡང་ང་རང་ངུ་མ་དགོད་ཀྱི་འཚོ་བ་སྐྱུར་མོ་འདིའི་འོག་ནས་དབུགས་རིང་རེ་འཐེན་ཞོར། ཉོབ་སྣང་ཆེ་བའི་མི་ཡུལ་འདིར་ལོ་རྒན་ལྔ་ཙམ་ཕྱིན་སོང་།

ཨ་ཕ། ས་མཐའི་དབུགས་རིང་ནི་ཁེར་རྐྱང་གི་སེམས་ཁ་གསོ་རོགས་ཡིན་ལ། སྐྱོ་གདུང་གི་གདུང་ཡུས་ཕོར་ས་ངོ་མ་དེའང་ཡིན། དེ་ལྟར་ཡང་ན་ནིང་གི་ལོ་ཟླའི་རྒྱུ་བ་འགག་རིམ་བཞིན་སེམས་སྟེང་གི་རྨ་ཁའི་ན་ཟུག་ཅུང་ཞོད་འཇམ་དུ་སོང་དུས། མི་ཡུལ་དུ་འཁྱམ་པའི་སྡུག་གི་སྣོན་མ་སྟེ་བོད་ལུགས་ཀྱི་གནམ་ལོ་གསར་པ་འདི་ཡང་བསྐྱར་ཚེས་བྱུང་། འདིས་སེམས་ཁོང་གི་ན་ཟུག་ཡོད་ཚད་སློང་གི་འདུག སྐྱོ་གདུང་གི་མིག་ཆུ་ཚང་མ་འབེབ་ཀྱིན་འདུག ཨ་ཕ། ཨ་མ། ཁྱེད་ཚོའི་སྙིང་ལ་སྐྱོ་གདུང་གི་གཉན་ཁ་ཕོག་མེད་ཀྱང༌། གྱེས་གདུང་གི་རྨ་ཁ་དོད་ཡོད་པ་ངས་ཚོད་དཔག་ལོས་ཐུབ། ཡིན་ནའང་སང་ཉིན་ནི། མཐོ་སྒང་གི་མི་རིགས་འདིས་ལོ་གསར་པར་བརྩི་བའི་དུས་ཆེན་དེ་རེད།

སང་ཉིན་སྐྱ་རེངས་ཀྱིས་ཉིན་བརྡ་གཏོང་བ་དང༌། ཁོར་ཡུག་འདིའི་གནོན་ཤུགས་ཤིག་གིས་ང་རང་སྔ་ལངས་བྱེད་དགོས་པ་ད་ལྟ་ནས་ཤེས་ཀྱིན་ཡོད། དེ་ནི་དོ་དགོང་གི་ཟིང་ཆ་འདི་དང་དེ་སྔོན་རང་ཉིད་ལའང་ཆ་རྒྱུས་ཏོག་ཙམ་ཡོད་པས་ཀྱང་རེད། འོ་ན་སང་ཉིན་ངས་སེམས་བསམ་པའི་བཀྲ་ཤིས་བདེ་ལེགས་ཀྱི་ཁ་གཡང་དྲོན་མོ་དེ་ཐོག་མའི་ཐོག་མར་སུ་ལ་འབོད། ད་དུང་བྲེལ་ཟིང་ཟིང་གི་འདུར་རྒྱུག་ཤིག་གིས་རྟེན་འབྲེལ་མཚོན་བྱེད་ཀྱི་དྲི་མེད་ཁ་རྟགས་སུ་ལ་འབུལ།

( བོད་ཟླ་དང་པོའི་ཚེས་ ༡ )
ཨ་མ། ཉི་འོད་ཀྱི་ཕོ་ཉ་ལྷོ་ངོས་འདིར་མ་སླེབས་པའི་ཡར་སྔོན་ནས་ཡོད་ཚད་མཚན་ལངས་བྱས་སོང༌། ཡིན་ནའང་ང་རང་ལ་མལ་ས་དྲོན་མོ་འདིའི་བདེ་དྲོད་ལས་ལྷག་པའི་ལས་དོན་ཞིག་ཅང་མེད་ཀྱང༌། སྤྱི་ཚོགས་ཤིག་གི་ནང་གནས་སྡོད་བྱས་པའི་གནོན་ཤུགས་འདིས་རང་ལ་དབང་བའི་གཉིད་ཐེངས་སྐྱིད་པོ་དེའང་བཅག་སོང༌། ཕལ་ཆེར་བ་ངོ་སྲུང་དང་ངོ་བསྟོད་ཀྱིས་བྲེལ་ནས་ཁ་བཏགས་རེ་འཕྱར་ཏེ་འདུར་རྒྱུག་བྱེད་བཞིན་པའི་ཁྲོད་ཁོ་ཡང་རྒྱུག ང་ཡང་འཚང༌། ཚང་མ་རྒྱུག དེ་ནི་དུས་ཀྱི་བདས་པའི་ཡུལ་སྲོལ་ཞིག་དང༌། མདུན་ལམ་ལ་གཅེས་པའི་གཉོམ་ཆུང་ཚོའི་ལས་དབང་གི་བགོ་སྐལ་ཞིག་ཀྱང་རེད།

ངའི་བརྩེ་བའི་ཨ་ཕ། ཨ་མ། རྩམ་གཟན་ཚོ་དགོད་སྒྲས་མྱོས་པའི་དེ་རིང༌། ཁྱེད་ཀྱི་བུ་འཁྱམ་ང་ལ་མིག་ལམ་དུ་མཛེས་པའི་རྒྱན་གོས་ཤིག་གོན་རྒྱུ་ཡོད་རུང་། སུའི་ལྷན་དུ་འཛུམ་ཤིག་ཤིག་གྱོན་ནས་འགྲོགས། རོ་བཅུད་ལྡན་པའི་ཟས་སྣ་ཞིག་བཟའ་རྒྱུ་བྱུང་རུང་སུའི་མཉམ་དུ་སྤྲོ་སེང་སེང་ཟོས་ནས་འདུག ཚེས་གཅིག ཚེས་གཉིས། ཚེས་གསུམ། སྐྱིད་སྣང་མེད་པའི་ང་རང་ཡིད་མུག་ནས་སྨེང་སེམས་རེ་སྐྱེས་ཤིང༌། ཕ་ས་ཕ་ཡུལ་དེ་བསམས་ནས་བརྩེ་བའི་ནང་མི་ཚོ་དྲན་ཏེ་སྐྱོ་གདུང་གི་ཚོར་ཤུགས་ལྷག་པར་རྒྱས་བྱུང་། མིག་ཆུས་མཁུར་ཚོས་བརླན་སོང་། ཐེངས་གཅིག ཐེངས་གཉིས། ད་རུང་ཆོ་ངེ་ཇི་ཙམ་བཏབ་ཀྱང་ཁུ་སིམ་པའི་གནས་འདིར་མིག་གསུམ་པ་ཞིག་མེད་པ་ངས་ཐོག་མ་ནས་ཚོད་དཔག་བྱས་པ་ལྟར་རེད།

ཅི་སྟེ་གཟབ་མཆོར་སྤྲས་པའི་མི་ཚོགས་འདིའི་གསེབ་ནས། གཞན་དག་གིས་རང་ཉིད་ལའང་ཉམས་སྣང་དོད་པའི་འཚོ་བ་ཞིག་རོལ་ཀྱིན་པ་མཐོང་སྲིད་མོད། དེ་ནི་ལྡོག་ཕྱོགས་ནས་ང་ལ་བལྟས་པའི་འཁྲུལ་སྣང་རང་རེད། གང་ལྟར་ཡང་ངའི་སེམས་པའི་ཡང་གཏིང་ནས་དྲན་པའི་ཨ་ཕ་དང་་།ཨ་མ། གྱེས་སོང་བའི་ཁྱེད་ཀྱི་གཅེས་ཕྲུག་ངའི་མིག་ཆུ་དང་མོ་འདི་སྐམ་དུས་དང༌། རེ་སྒུག་གིས་མནར་བའི་རྨ་ཁ་རྙིང་བ་འདི་སོས་དུས་ཤིག་ག་དུས་ཡོད་རེད། དེ་བཞིན་རང་ས་སྐྱིད་པོའི་ནང་གི་རང་ཁྱིམ་དྲོན་མོ་དེར་ཕ་བུ་ལྷན་འཛོམས་དང་། ནང་མི་མཉམ་འདུས་ཀྱིས་དགོད་འཚེར་འཚེར། སྐྱིད་ལྷང་ལྷང་ངང་འདུག་རྒྱུའི་རེ་སྒུག་སྟོང་གི་ཉི་མ་དེ་ག་དུས་འཆར་ན། གསུངས་དང་ཨ་ཕ། ཨ་མ། ངེས་པར་དུ་གསུངས་དང་ངས་ནམ་ཡང་སྙིང་ནས་བརྩེ་བའི་ཡབ་ཡུམ་གཉིས།།
བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འདབས་ནས་༢༠༠༤ ལོའི་བོད་ཀྱི་ལོ་གསར་སྐབས་ཀྱི་ཚེས་པ་གསུམ་ཉིན་བྲིས།།

losar