༧གོང་ས་མཆོག་གི་ཡུ་རོབ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་གྱིས། ཉེ་ཆར་”བོད་ཀྱི་མ་འོངས་པའི་མདུན་ལམ་འཚོལ་ཞིབ་”ཅེས་པའི་བགྲོ་གླེང་ཐོག བོད་རྒྱའི་གནད་དོན་གྲོས་མོལ་དང་ཞི་འགྲིག་གི་ལམ་ནས་ཐག་གཅོད་ཡོང་རྒྱུའི་རེ་བ་གཏན་ནས་མི་འདུག་ཅེས་གསུངས་འདུག ༧གོང་ས་མཆོག་གི་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ནི། དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དང་ལྷན་རྒྱ་གཞུང་གི་འབྲེལ་ཡོད་འགོ་ཁྲིད་ཚོ་དང་ཐེངས་བཅུ་ཙམ་ཐུག་འཕྲད་གྲོས་མོལ་གནང་མྱོང་མཁན་ཞིག་ཡིན་ལ། བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེའི་སྐབས་དང་། སྲིད་སྐྱོང་བློ་བཟང་སེང་གེའི་སྐབས་བཅས་མི་ལོ་ཉི་ཤུའི་རིང་བོད་རྒྱ་ཞིལ་མོལ་གྲ་སྒྲིག་ལས་དོན་ཚོགས་ཆུང་གི་ཚོགས་མི་གཙོ་བོའི་གྲས་ཡིན། ད་ལྟ་སྲིད་སྐྱོང་སྤེན་པ་ཚེ་རིང་གི་སྐབས་སུའང་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་སློབ་སྟོན་པ་གནང་ནས་ཚོགས་འདུ་ཁག་ལ་མཉམ་ཞུགས་གནང་མུས་ཡིན་པས། བོད་རྒྱའི་གནད་དོན་ཐོག་ཕྱི་ནང་གང་ཐད་ནས་ཁོང་ལས་ཉམས་མྱོང་ཆེ་བ་སུ་གཅིག་མེད་པ་ཐག་བཅད་ནས་བཤད་ཆོག།
ཁོང་གིས་གནད་དོན་དེའི་ཐད་ཁ་གསལ་གཏིང་གསལ་གྱིས་གསུངས་པ་ཇི་བཞིན་འདིར་དྲངས་ན། “མདོར་བསྡུས་ཏེ་ང་རང་ཚོ་བོད་པའི་གནས་སྟངས་ཐོག་ནས། ང་རང་གི་བསམ་ཚུལ་བྱས་པ་ཡིན་ན། ད་ལྟ་མཁྲེགས་འཛིན་ཅན་གྱི་རྒྱ་ནག་དམར་པོའི་སྲིད་གཞུང་དེའི་མཉམ་དུ་མིང་དང་དོན་མཚུངས་པའི་འབྲེལ་བ་ཞིག་དང་། ཞི་མོལ་ཞིག་དང་། ཞི་འགྲིག་ཅིག་ཡོང་རྒྱུའི་རེ་བ་རྩ་བ་ཉིད་ནས་མི་འདུག་བསམ་གྱི་འདུག ང་ཚོའི་ཕྱོགས་ནས་ད་ལྟའི་སྲིད་གཞུང་དེའི་མཉམ་དུ་གནད་དོན་དེ་འདྲ་ཞིག་ཡོང་རྒྱུའི་རེ་བ་དེ་དོར་དགོས་ཀྱི་འདུག་བསམ་གྱི་འདུག དེ་དོར་ནས་དེའི་ཚབ་ལ་ག་རེ་བྱེད་རྒྱུ་ཡོད་རེད་ཅེ་ན། ང་རང་ཚོས་ཤུགས་རྒྱག་ས་དེ་གང་ལྟར་བོད་ཀྱི་གནད་དོན་ཐོག་ལ་འགྱུར་བ་ཞིག་འགྲོ་དགོས་ཀྱི་ཡོད་པ་ཡིན་ན། རྒྱ་ནག་སྲིད་གཞུང་གི་ཐོག་ལ་འཕོ་འགྱུར་ཆེན་པོ་ཞིག་མ་སོང་བ་ཡིན་ན། འགྱུར་བ་འགྲོ་རྒྱུ་ཁག་པོ་ཡིན་པ། ཕལ་ཆེར་ལམ་ཁ་མེད་པ་ཞིག དེ་ང་རང་ཚོས་དངོས་ཡོད་གནས་ཚུལ་དེ་ངོས་འཛིན་ཞུ་དགོས་ཀྱི་འདུག་བསམ་གྱི་འདུག”ཅེས་པ་འདི་བོད་མི་རྣམས་ཀྱིས་ཐུབ་དགོས་པ་ཞིག་ཏུ་གྱུར་ཡོད།
བཙན་བྱོལ་བོད་མི་མང་པོ་ཞིག་ད་ལྟའི་ཆར་ནང་ཁུལ་འཐེན་འཁྱེར་ཙམ་ལ་འགོ་འཁོར་ཡོད་ནའང་། བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་གནད་དོན་ཆེ་ས་ལ་ཐུག་དུས་མི་ཚང་མས་ཁུར་མཉམ་ལེན་མི་ཐུབ་པའི་དཀའ་ངལ་གང་ཡང་མེད། འགོ་འཁྲིད་ཀྱིས་དོན་དངོས་ལ་གཞིགས་ནས་མི་མང་གི་སྣེ་འཁྲིད་ཐུབ་པ་ཞིག་བྱེད་དགོས་པ་ལས། ད་བར་བོད་རྒྱའི་དབར་གནད་དོན་ཐག་གཅོད་ཡོང་རྒྱུའི་རེ་བ་ཆེན་པོ་ཡོད་པ་དང་། རྒྱལ་སྤྱིའི་ཐོག་ནས་མ་འོངས་པར་བོད་རྒྱ་ནག་དམར་ཤོག་གཞུང་གི་འགོ་འཁྲིད་འོག་སྡོད་རྒྱུར་རྒྱབ་སྐྱོར་ཆེན་པོ་ཡོད་པ། བོད་རང་བཙན་བཤད་པ་ཡིན་ན་རྒྱལ་སྤྱིའི་ཐོག་ནས་གྲོགས་མེད་ཁེར་རྐྱང་དུ་འགྱུར་ངེས་ཡིན་པ་མ་ཟད། ད་དུང་བོད་རང་བཙན་བཤད་ན་ལོ་རྒྱུས་ཀྱི་གནས་བབས་ཐོག་ནས་དཀའ་ངལ་ཡོད་པ་ལྟ་བུའི་ཤོད་ཚུལ་འདི་ཡང་། བཙན་བྱོལ་ནང་གི་གནད་ཡོད་ཚོའི་ཁ་ནས་ཀྱང་ཐོན་རྒྱུ་མང་དུ་སོང་འདུག ད་ལན་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་གྱིས་དོན་དངོས་གང་ཡིན་པ་ཁོང་གི་ཉམས་མྱོང་ཐོག་ནས་ཡོངས་གྲགས་གསུངས་པ་འདི་ནི་དུས་ཐོག་ཆར་པ་ལྟ་བུ་ཞིག་ཏུ་གྱུར་ཡོད།
ད་དུང་ཁོང་གིས་སྐབས་དེར་”བོད་མིའི་རང་དབང་འཐབ་རྩོད་དེ་རྒྱལ་དང་ཕམ་གྱི་ཐག་གཅོད་དེ་གང་ནས་ཡོང་གི་ཡོད་རེད་ཅེ་ན། བོད་ནང་གི་གནས་སྟངས་ཐོག་ནས་ཡོང་གི་རེད། ང་ཚོས་ངོས་འཛིན་བྱེད་རྒྱུ་དེ་གནད་འགག་ཆེན་པོ་ཞེ་དྲག་རེད་བསམ་གྱི་འདུག དེ་ཞུ་དགོས་པའི་རྒྱུ་མཚན་དེ་བར་ལམ་ཞིག་ནས་རང་གི་མཐོང་ཚུལ་ལ། སྒྲིག་འཛུགས་ཀྱི་ཐོག་ནས་བོད་ནང་དུ་འཛིན་པའི་སྲིད་བྱུས་དེ་ཉམས་པ་དང་། མེད་པ་ལྟ་བུ་ཞིག་མཐོང་གི་འདུག ང་རང་གི་གོ་བ་ལྟར་ན། ཟམ་གདོང་རིན་པོ་ཆེ་བཀའ་བློན་ཁྲི་པ་ཡིན་པའི་སྐབས་དེ་པ་ནས། བོད་དུ་འབྲེལ་བ་བྱེད་རྒྱུ་སོགས་ལས་རིགས་མང་པོ་ཞིག་ཕྱིར་བསྡུ་བྱས་པ་རེད་ཟེར། དེ་ནས་བཟུང་སྟེ་ད་ལྟ་བར་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཐོག་ནས་བོད་ནང་དུ་འཛིན་པའི་སྲིད་བྱུས་གང་ཡང་མེད་པ་ཞིག་ངས་མཐོང་གི་འདུག དེ་ཧ་ཅང་གི་ནོར་འཁྲུལ་ཆེན་པོ་རེད་བསམ་གྱི་འདུག”ཅེས་གསུངས་འདུག་ཅིང་། སྔོན་མ་བོད་དོན་མཐའ་མའི་ཐག་གཅོད་གནང་མཁན་གཞིས་ལུས་རྒྱ་ཆེའི་མི་མང་རེད་ཅེས་པ་རྩ་དོན་ལྟ་བུ་ཡིན་ཡང་། ཕྱིས་སུ་སྐད་ཆ་དེ་ཡང་གོ་ཐོས་གང་ཡང་མེད་པ་ཞིག་ཏུ་གྱུར་སོང་།
མདོར་ན་གནད་ཡོད་མི་སྣ་དང་བོད་རྒྱའི་གནད་དོན་ཐོག་རྒྱུས་མངའ་ཆེན་པོ་ཡོད་པའི་མི་རྣམས་ཀྱིས་རྒྱ་ཆེའི་མི་མང་ལ་བོད་རྒྱའི་འབྲེལ་བའི་སྐོར་ཕྱི་གསལ་ནང་བཟོ་ཐུབ་ན། མི་མང་གི་ངོས་ནས་ཀྱང་གནད་དོན་ཐག་གཅོད་བྱེད་ཕྱོགས་ལ་ཕན་ཐོགས་ཆེན་པོ་ཡོད། ད་ལྟའི་ཆར་རྒྱལ་སྤྱིའི་འགྱུར་འགྲོས་དང་བསྟུན་ནས་རྒྱ་ནག་ལ་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་པའི་སྐབས་འདིར་བོད་པའི་ངོས་ནས་ཀྱང་ལངས་ཕྱོགས་ལ་བསྐྱར་ཞིབ་དང་ཕྱོགས་གང་ཐད་ནས་གྲ་སྒྲིག་ཡོད་པ་ཞིག་བྱ་དགོས། ད་བར་བཙན་བྱོལ་བོད་མི་རྣམས་ཀྱི་ངོས་ནས་རྒྱ་ནག་དང་མཉམ་བོད་དོན་ཐག་གཅོད་གནང་རྒྱུའི་ཁ་ཕྱོགས་འཛིན་ས་གཙོ་བོ་ནི། ༧གོང་ས་མཆོག་གི་དགོངས་གཞི་དང་། ༧གོང་ས་མཆོག་གི་མཚན་དང་མཉམ་དུ་འགྲོ་བ་ལས། མི་རེ་ངོ་རེ་བཞིན་བསམ་བློ་བཏང་། ཞིབ་འཇུག་བྱས་ནས་ཐག་གཅོད་བྱས་པ་བརྒྱ་ཆའི་ཐོག་ནས་བཤད་ན་ཅུང་ཉུང་ཉུང་ཆགས་ཡོད། ཐག་གཅོད་ག་འདྲ་ཞིག་གནང་ཡང་གཙོ་བོ་དོན་དངོས་ཤེས་པའི་ཐོག་ནས་བྱེད་དགོས་པ་ནི་གལ་ཆེ་ཤོས་སུ་གྱུར་ཡོད།།