གྲུབ་དབང་རྫོགས་ཆེན་པའི་ངེས་བརྗོད་ལས་འཕྲོས་པའི་གཏམ་འགྱུ་དྲན་གློག་གི་གར་མཁན།

རྩེ་མཐོ་གངས་རིའི་བ་གམ་ཤེལ་གྱི་མཆོད་སྡོང༌། །ལྷུན་སྟུག་ནགས་མའི་ལྗོན་བཟང་བདུད་རྩིའི་བསིལ་གྲིབ། །སྔོ་ལྗངས་ནེའུ་ཐང་ཡངས་པོ་ལྷ་ཡི་དགའ་ཚལ། །དབེན་པའི་ཡོན་ཏན་རྫོགས་པ་དམ་པའི་ཕ་ཁྱིམ། །

ཉམས་རྟོགས་གླུ་རུ་ལེན་པ་རས་པའི་ཁྱུ་ཚོགས། །ལུང་རིགས་དབྱངས་སུ་གྱེར་བ་འདུས་པའི་ཚོམ་བུ། །སྡེ་བཞི་བཅུད་དུ་སྨིན་པ་སྟོབས་ཀྱི་མངའ་ཐང༌། །མཐའ་དག་གཡང་དུ་ལེན་པའི་ངོ་མཚར་མ་ཉམས།

།ཊཱཀིའི་གསང་མཛོད་འཛིན་པ་བསྟན་འཛིན་བཟང་པོ། །ཟང་ཐལ་གྲུབ་མཐའ་བསྙེགས་པ་ནམ་མཁའི་རྡོ་རྗེ། །བཤད་སྒྲུབ་ཕྱོགས་མཐར་སྤེལ་མཛད་དྷརྨ་བཛྲ། །རིམ་བྱོན་སྤྲུལ་པའི་མཛད་བཟང་སྙིང་ལ་ཉེའོ། །

གསེར་མདོག་ཚངས་པའིཅོད་པན་ཕྲག་ཏུ་བསྣམས་ཏེ། །གཞི་གསུམ་བཀའ་ཡི་སྤྲིང་ཡིག་ཕྱོགས་སུ་འགྲེམས་པའི། །དྲང་སྲོང་ལུང་གི་ཕོ་ཉ་གཞན་ཕན་ཞབས་ཀྱིས།། བསྟན་འགྲོའི་རྒུད་པ་གསོས་པའི་གཟི་བྱིན་མ་རྙིང༌། །

རྣམ་ཐར་བསམ་མི་ཁྱབ་པའི་འབྲོམ་རྗེ་གཉིས་པ། །རིས་མེད་བསྟན་པའི་མངའ་བདག་དཔལ་དགེ་རྒྱལ་པོས། །འཇིགས་བྱེད་དུས་དགྲའི་དབང་པོའི་ཕོ་བྲང་དབུས་ནས། །ཆོས་ཀྱི་རྒྱལ་ཐབས་བསྐྱངས་པའི་མངའ་ཐང་མ་ཆུང༌། །

ཕྲིན་ལས་ཕ་མཐའ་བྲལ་བ་ཆོས་ཀྱི་སྣང་བ། །ཐུགས་སྲས་ཆོས་གྲགས་ཟུང་གིས་མདུན་ནས་བདལ་ཏེ། །ས་དང་རྒྱ་མཚོའི་མུ་ཁྱུད་ཉེ་བར་འཛིན་པའི། །ལྷོ་གླིང་དཀར་པོར་བྱས་པའི་གྲགས་པ་མ་ཉམས། །

གནས་ལྔའི་ཕ་མཐར་སོན་པ་སྨྲ་བའི་དབང་ཕྱུག །གཞོམ་མེད་གསུང་གི་རྡོ་རྗེ་ཆུ་ཟླའི་གར་མཁན། །སྔ་འགྱུར་བསྟན་པའི་མངའ་བདག་མི་ཕམ་རྒྱ་མཚོས། །ལེགས་བཤད་ཐང་མར་བརྡལ་བའི་འཛུབ་རིས་མ་སྟོངས། །

སྐྱེད་རྫོགས་གདེངས་སུ་ཚུད་པ་པདྨ་བཛྲ། །རབ་འབྱམས་ཤེས་བྱའི་གཏེར་ཁྱིམ་ཐུབ་བསྟན་སྙན་གྲགས། །དགོངས་ཉམས་མཐའ་རུ་ཕྱིན་པ་ཐེག་མཆོག་བློ་ལྡན། །གཅིག་ལས་གཅིག་གིས་མཚར་བའི་རོལ་རྩེད་མ་ཟད། །

གཞན་སྣང་ཟིལ་གྱིས་གནོན་པ་ཡོན་ཏན་མགོན་པོ། །མཁའ་སྤྱོད་འཇའ་སྐུ་གྲུབ་པ་ཚེ་དབང་རིག་འཛིན། །གོང་མའི་གྲུབ་མཐའ་རྙོགས་པ་ནོར་བུ་བསྟན་འཛིན། །ཁྱུང་ཆེན་ཚང་ནས་འཕུར་བའི་སྔ་བཞུག་མ་འཆོལ། །

མཐོ་མཐོ་གངས་ཀྱི་སྟོངས་དང་ནགས་ཀྱི་སུལ་ན། འཁོར་འདས་རུ་ཤན་ཕྱེད་པའི་ཐེག་རྩེའི་རྣལ་འབྱོར། །སྣང་ཉམས་གླུ་རུ་འཁྲོལ་བའི་སེང་ཆུང་ཁྲི་ཕྲག །ཉམས་དགའ་དཔལ་དུ་རྩེན་པའི་ལོ་རྒྱུས་མ་ནོགས། །

པདྨའི་ལུང་གིས་བསྔགས་པ་པདྨའི་སྐྱེས་བུས། །པདྨའི་གསང་མཛོད་འཛིན་པ་པདྨ་ཚེ་དབང༌། །པདྨའི་སྙིང་པོར་བསྔགས་པའི་རྟེན་འབྲེལ་འགྲིགས་ཏེ། །ཡང་དར་ལང་ཚོ་སྨིན་པའི་དགེ་མཚན་མ་ཟུམ། །

བྱིན་རླབས་ལུང་གི་ཐོར་ཅོག་གཙུག་ན་ལྡེམ་པའི། །རིགས་ཀྱི་ཤ་ཚུགས་བརྟན་པའི་སྤུན་ཟླ་གཅེན་གཅུང༌། །དམ་ཚིག་ཡོངས་འདུའི་ཚལ་ན་ལྷན་དུ་རྩེན་དུས། །ང་ཅག་ཁོང་ནས་དགའ་བའི་གླུ་དབྱངས་ལོས་ལེན། །

འཇིགས་བྲལ་ཆོས་ཀྱི་ལྷུན་པོ་ས་ཡི་རྩ་ལག །ལུང་རྟོགས་ཉི་མའི་རྣ་ཆ་ལྷུན་པོའི་མཛེས་རྒྱན། །བསྟན་འཛིན་ལུང་ཕྲེང་སར་པའི་བྱིན་བརླབས་དགོངས་ཏེ། །ངོ་མཚར་སྤྱོད་འཇུག་མེ་ཏོག་མཉམ་ཏུ་སྣོམ་རོགས། །

ལྷོ་གླིང་བསིལ་བྱེད་ནགས་ཀྱི་ཉེ་བའི་རུ་དམ། །གངས་ལྗོངས་དབྱིག་གི་སྙིང་པོའི་བསམ་བསྟན་ཆོས་གླིང༌། །དུས་ཀྱི་འཁོར་ལོས་བཅད་པའི་སོ་ཁ་འགྲིགས་ན། །ལྷ་མིའི་རྫོགས་ལྡན་གསོ་བའི་ལུང་བྱང་ལོས་རྙེད། །

རུ་དམ་གངས་ཀྱི་ར་བ་ཉི་མས་མ་བཞུ། །བསིལ་བྱེད་ནགས་ཀྱི་ལྗོན་པ་ཐན་པས་མ་སྐེམས། །ལྷོ་བྱང་རླུང་གི་ཕོ་ཉའི་བང་ཁ་མ་ཀློད། །རྒྱང་མཐོངས་ཟླ་ཉིའི་བགྲོད་པ་མཉམ་དུ་སྦྲེལ་རོགས། །

ལྷོ་སྤྲིན་སེར་བའི་འཁོར་ལོ་འཚུབ་མས་མ་བསྐུལ། །བྱང་རླུང་སྐྱི་སེར་རེག་བྱས་ཐན་པ་མ་འདྲེན། །རུ་དམ་ཞིང་ས་བཤིན་པོའི་ནེའུ་ཐང་དེ་ལ། །སིམ་སིམ་སྦྲང་ཆར་འཇོ་བའི་མཐུན་འགྱུར་གནང་རོགས། །

བརྙད་འདོག་ཡ་གའི་སྨིག་སྒྱུ་ཞགས་པས་མ་འཆིངས། །སྒྲོ་སྐུར་སྒྱུ་མའི་བུ་མོར་ཟུར་མིག་མ་གནང༌། །བག་ཡངས་ཆོས་ལ་སེམས་པའི་ཞེ་ལྷོད་བསྒོམས་ནས། །ཡིད་འོང་མཐུན་པ་སྤུན་བཞིའི་རྣམ་ཐར་སྐྱོང་རོགས། །

མ་བཀོད་ལྷ་ཡི་གཞལ་མེད་ས་ལ་འཕོས་ཀྱང༌། །མ་བོས་སྲིད་པའི་ཕུན་ཚོགས་མགྲོན་དུ་ཕེབས་ཀྱང༌། །རླབས་ཆེན་ནང་གི་མཉམ་མཐུན་མངོན་གྱུར་མེད་ན། །ཉམ་ཆུང་སེམས་པ་ཅན་གྱི་འཁྲེང་སེམས་མི་ཆོད། །

མེས་པོའི་རིགས་རྒྱུད་མཚོན་པའི་ཚངས་སྐུད་ཕྲ་མོ།  །གཏན་གྱི་ནོམ་ལ་སྲེལ་བའི་ཁྱེའུ་ཆུང་གཞོན་ནུ། །རྒྱང་རིང་ཁད་ཀྱིས་ཆོད་ཀྱང་ཐེ་ཚོམ་མ་གནང༌། །དུང་སེམས་བླ་ན་འབར་བའི་ཤ་ཞེན་རུམ་ཡོད། །

སྔོན་བྱུང་ངོ་མཚར་རི་མོ་སྒྱུ་མའི་ཕོ་བྲང༌། །བསམ་ན་ཡིད་དུ་འོང་ཡང་ཟིན་དུ་མ་མཆིས། །དངོས་སྣང་སྤྲོ་དགའི་བཟུང་ཡུལ་གར་མའི་ཉམས་འགྱུར། བལྟས་ན་སྙིང་དུ་སྡུག་ཀྱང་ཡུན་དུ་མི་སྡོད།།

སྔོན་བྱུང་རྨི་ལམ་མྱངས་པའི་དགའ་སྣང་ཞིག་གིས། །རྗེས་དྲན་མེ་ཏོག་སྤེལ་མའི་ཕྲེང་བ་རྒྱུ་དུས། །དུས་རིང་སེམས་ལ་བསྙལ་བའི་འོག་འགྱུའི་ན་ཟུག །དུང་བརྗོད་རེ་བ་ནན་མོའི་སྐྱོ་གླུར་འཕོས་སོང༌། །

སྒྲོ་འདོགས་སྒྲོ་འདོགས་མ་ཡིན་དོན་གྱི་རང་གཤིས། །སྐུར་འདེབས་སྐུར་འདེབས་མ་ཡིན་དྲང་པོའི་གནས་ལུགས། །གང་དྲན་གང་དྲན་མ་ཡིན་ནང་གི་རི་མོ། །དགོས་མེད་དགོས་མེད་མ་ཡིན་བརྩེ་བའི་རྒྱངས་འབོད།།

ཅེས་པ་འདི་ཡང༌། གྲུབ་དབང་རྫོགས་ཆེན་པ་ཆེན་པོའི་བསྟན་པའི་ལྷག་ཞབས་སུ་སྐྱེས་པ། རྫ་དྲེལ་དཀར་དགོན་གྱི་བནྡེ་ཚེ་རིང་བཀྲ་ཤིས་ནས་བཅོས་མིན་ཡིད་ཀྱི་འཆར་སྒོ་ངག་ཏུ་བསྡེབས་པ་དགེ་བར་གྱུར་ཅིག  ༢༠༠༨ ༩ ༢༤ལའོ།